བཀྲིས་གཡང་རྩེའི་ཚོད་བསྲེ་ཁྲོམ་ཁར་ ཨེ་མ་བཙོང་མི་ སོ་ནམ་པ་ཚུ།

འབུམ་སྡེ་གླིང་ འོག་མ་ན་སྤྱི་འོག་ནང་ དུས་ཅི་ ཨེ་མའི་ཐོན་སྐྱེད་མར་བབས་སོང་ཡོདཔ།

༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒེད་འོག་ འོག་མ་ན་སྤྱི་འོག་དེ་ ཨེ་མ་ཐོན་སྐྱེད་འབད་མི་ ངོ་མ་ཅིག་ཨིན་རུང་ དུས་ཅི་ མི་སེར་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ དེ་ཅིག་ར་ ཐོན་སྐྱེད་འབད་མ་ཚུགས་པས།
འོག་མ་ན་ལས་ཨིན་མི་ བུམ་པ་དབང་མོ་གིས་ སླབ་མིའི་ནང་ ཨེ་མ་ལ་ལོ་ཅིག་ མེ་ཏོག་ཤར་བའི་དུས་ཚོད་ལུ་ རུལ་འགྱོ་བའི་ཁར་ ལ་ལོ་ཅིག་ རྡོག་མ་བཏགས་ཏེ་ བཙོང་རནམ་ད་ མེདཔ་ཐལཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དུས་ཅི་ ཨེ་མའི་ཐོན་ཤུགས་ མར་འབབ་འགྱོ་ནི་དེ་གིས་ འོང་འབབ་དེ་ཅིག་ར་ བཟོ་མི་ཚུགས་ནི་མས་ཟེར་བཤད་པའི་ཁར་ ན་ཧིང་ མོ་གིས་ འོང་འབབ་དངུལ་ཀྲམ་༧༠,༠༠༠ དེ་ཅིག་ བཟོ་ཚུགས་རུང་ དུས་ཅི་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ལས་ མི་འཐོབ་ནི་མས་ཟེར་ཨིན་པས།
འབུམ་སྡེ་གླིང་རྒེད་འོག་ལས་ ཐོན་སྐྱེད་འབད་མི་ཨེ་མ་ལུ་ ཁོང་རའི་ཁ་སྐད་ལས་ ཨུར་ཀ་བང་ག་ལ་ཟེར་ སླབ་དོ་ཡོདཔ་ད་ འོག་མ་ནང་ལས་ ཨེ་མའི་ཚོང་འབྲེལ་འཐབ་མི་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ ཨེ་མའི་སོན་དེ་ བདག་འཛིན་འཐབ་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ ཨེ་མ་ལུ་ནད་གཞི་ཕོག་སྟེ་ ལོ་༩ དེ་ཅིག་ལང་རུང་ ནད་གཞི་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཨིན་པས།
འབུམ་སྡེ་གླིང་རྒཔོ་ མ་ནི་དབང་གྲགས་ཀྱིས་འབད་བ་ཅིན་ ཨེ་མ་ཚུ་ ཆུ་ཚ་ཏོམ་བླུགས་བཞག་དོ་བཟུམ་སྦེ་ སྐམ་འགྱོ་སར་ ཁོ་གིས་མཐོང་ཡི་ཟེར་ བཤད་པའི་ཁར་ རྒེད་འོག་གི་ཁ་ཐུག་ལས་ སོ་ནམ་འགོ་དཔོན་དང་ ནགས་ཚལ་དང་སོ་ནམ་ལྷན་ཁག་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ལྷན་ཁག་གིས་ ཆར་ཆུ་འབོལ་ནི་དེ་གིས་ཨིན་མས་ཟེར་ སྒྲུབ་བྱེད་བཏོན་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་ཁ་ཐུག་ལས་ འབད་ཐབས་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ རྒེད་འོག་དང་ སོ་ནམ་འགོ་དཔོན་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ཨེ་མ་བཙུགསཔ་ད་ ཆུ་ལམ་བཟོ་སྟེ་ བཙུགས་དགོ་པའི་ཐབས་ཤེས་བཏོན་ཏེ་ཡོད་ཟེར་ཨིནམ་ད་ ཨེ་མ་མི་ཤི་ནིའི་དོན་ལུ་ སྨན་ཡང་གཏོར་ཡི་ཟེར་བཤད་ཅི།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ཨོ་རྒྱན་བསྟན་འཛིན་གྱིས་འབད་བ་ཅིན་ ན་ཧིང་དང་ཕྱདཔ་ད་ ཨེ་མའི་ཐོན་སྐྱེད་དེ་ མར་བབས་སོང་ཡི་ཟེར་ བཤད་པའི་ཁར་ ཨེ་མ་ཤི་མི་དེ་ གནམ་གཤིས་གནས་སྟངས་ལུ་བརྟེན་ཏེ་ཨིནམ་ལས་ ཐབས་ཤེས་ཟེར་རུང་ སྨན་གཏོར་ནི་དང་ ཨེ་མ་དེ་ ས་གོ་སྤོ་སྟེ་ བཙུགས་བཅུག་སྟེ་ཡོདཔ་ལས་ དུས་ཅི་ དྲག་དོ་བཟུམ་མཐོང་ཡི་ཟེར་ཨིན་པས།
ཨེ་མ་བཙོང་མི་ འཆི་མེད་སྒྲོལ་མ་གིས་ སླབ་མིའི་ནང་ ཁྲོམ་ཁར་ མོ་གིས་ ཉིནམ་༡ ལུ་ ཨེ་མ་ཀེ་ཇི་༤༥ གི་བར་ན་ བཙོང་ཚུགས་པས་ཟེར་ཨིནམ་ད་ ཨེ་མ་བཙོང་ཚར་ནིའི་དོན་ལུ་ ཕྱི་རུའི་ཆུ་ཚོད་༤ ཚུན་ སྒུག་སྡོད་དོ་ཟེར་ཨིནམ་ད་ ཨེ་མ་ བཙོང་མ་ཚར་བའི་བསྒང་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ གོང་ཚད་མར་ཕབ་རྐྱབ་སྟེ་ དངུལ་ཀྲམ་༣༠ དང་༤༠ སྦེ་ཡང་ བཙོང་དགོཔ་ཐོནམ་མས་ཟེར་ ཨིན་པས།
ཨ་ལོ་༦ གི་ཨའི་ཨིན་མི་ གླེ་མོ་གིས་ སླབ་མིའི་ནང་ མོ་གིས་ ས་ཞིང་ཌེ་སི་མཱལ་༤ དེ་ཅིག་ནང་ ཨེ་མ་བཙུགས་ཡི་ཟེར་ཨིནམ་ད་ མོ་ལུ་ འོང་འབབ་ངོ་མ་དེ་ར་ ཨེ་མ་འབདཝ་ལས་ དུས་ཅི་ ཨེ་མ་ཤི་མི་ལུ་བརྟེན་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ ཟད་འགྲོ་ག་དེ་སྦེ་ གཏང་ཚུགས་གའི་ཚ་གྱང་ཡོད་ཟེར་ ཨིན་པས།
སྦིམ་མཁར་ལས་ཨིན་མི་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ན་ཧིང་ མོ་གི་གཡུས་ཁར་ཡང་ འོག་མ་ནང་བཟུམ་སྦེ་ར་ ཨེ་མའི་ཐོན་ཤུགས་ མར་བབས་སོང་ཡོད་རུང་ དུས་ཅི་ ཨེ་མ་ལེགས་ནི་དེ་གིས་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ཨིནམ་ད་ མོ་གིས་ སློབ་རིམ་༡༢ པ་ལས་བརྒལ་ མ་བལྟ་ཟེར་ཨིན་པས།
བཀྲིས་གཡང་རྩེ་ ཚོད་བསྲེ་ཁྲོམ་ཁར་ ཨེ་མ་ཧོནམོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ དང་༦༠ གི་བར་ན་ བཙོང་དོ་ཡོདཔ་ད་ ཨེ་མ་དམརཔོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢༠ དང་ ཨེ་མ་སྐམ་ཀེ་ཇི་རེ་གིས་ དངུལ་ཀྲམ་༡,༥༠༠ རེ་ ཐོབ་དོ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *