༉ རྒྱལ་ཁབ་ཀྱི་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་དང་ བཟོ་རིག་བཅུ་གསུམ་སྤེལ་ཁང་གི་ དབུ་འཛིན་དང་ དབུ་འཛིན་འོག་མ་ དེ་ལས་ སྒེར་སྡེའི་སྦྱོང་བརྡར་སྤེལ་ཁང་དང་ བཟོ་གྲྭ་འཕྲུལ་ཁང་གི་ ངོ་ཚབ་ཚུ་འབདཝ་ད་ མི་གྲངས་༤༠ དེ་ཅིག་གིས་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་སྦེ་ ལས་གཡོག་ལྷན་ཁག་འོག་གི་ ཁྱད་རིག་ཞབས་ཏོག་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ འཕྲུལ་རིགས་དང་ ལག་ཤེས་ཤེས་ཡོན་སྦྱོང་བརྡར་གྱི་ ཞལ་འཛོམས་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
དེ་ནང་ བཅའ་མར་གཏོགས་མི་ཚུ་ མང་ཤོས་ཅིག་ར་ ཧེ་མ་ འཕྲུལ་རིག་ལག་ཤེས་ཤེས་རིག་སྦྱོང་བརྡར་ལས་རིམ་ གཞི་བཙུགས་འབད་མི་ཚུ་གིས་ གྲལ་གཏོགས་འབད་དོ་ཡོདཔ་ད་ ཁོང་གིས་ བཤད་མིའི་ནང་ མི་ཚུ་གིས་ ད་ལྟོའི་བར་ན་ཡང་ ལག་ཤེས་ཀྱི་ ལཱ་འབད་མི་ཚུ་ལུ་ བརྩི་མཐོང་ཆུང་བའི་ཁར་ ཁོང་ཆ་ཁྱབ་ཀྱིས་ སྦྱོང་བརྡར་འབད་མི་དང་ ལཱ་གཡོག་གི་ གོ་སྐབས་ཚུ་གི་བར་ན་ཡང་ རྟགས་མ་མཐུན་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁུ་རུ་ཐང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ལས་ ཨ་ནུམ་ མཱ་ཧཱཏི་གིས་ བཤད་མིའི་ནང་ མ་གཞི་ ལག་ཤེས་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་མི་ཚུ་ལུ་ མི་ཚུ་ལས་ བརྩི་མཐོང་མེད་པའི་གནད་དོན་དེ་ལུ་ ཧེ་མ་ལས་ར་ གྲོས་བསྡུར་འབད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཐབས་ལམ་ག་ནི་ཡང་ བཏོན་མ་ཚུགས་པར་ ལུས་ཏེ་ཡོདཔ་ལས་ ལ་ལུ་ཅིག་གིས་ དེ་བཟུམ་མའི་ལཱ་ཚུ་ འབད་ནི་ལུ་ ངོ་ཚ་མི་ཡང་ འདུག་ཟེར་ཨིན་པས།
བཅའ་མར་གཏོགས་མི་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ འཕྲུལ་རིག་ལག་ཤེས་ཤེས་ཡོན་སྦྱོང་བརྡར་ལས་རིམ་ སྤྱི་ལོ་༡༩༦༥ ལས་ར་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ ལེགས་ཤོམ་སོང་ཡོད་རུང་ དུས་དང་བསྟུན་ འཕྲུལ་རིག་གི་ གནས་ཚད་ཚུ་ལུ་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ རང་ལུ་ རིག་རྩལ་ར་ཡོད་པ་ཅིན་ དེ་བཟུམ་མའི་ ལཱ་འབད་ནི་ལུ་ ངོ་ཚ་དགོཔ་མེད་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ རྒྱལ་ཁབ་ནང་ ལག་ཤེས་སྦྱོང་བརྡར་ མཐར་འཁྱོལ་མི་ ལེ་ཤ་ཡོད་རུང་ ཕྱིའི་ལས་མི་གི་ གྱངས་ཁ་དེ་ཡང་ མཐོ་དྲགས་སྦེ་ར་ འདུག་ཟེར་ཨིན་པས།
འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕུན་ཚོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལག་ཤེས་ཀྱི་ལཱ་འབད་མི་ འབྲུག་མི་ཉུང་དྲགས་ཅིག་ལས་ འཐོབ་མ་ཚུགས་པའི་ དཀའ་ངལ་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གི་རིན་བསྡུར་ཚུ་གི་སྐབས་ ལས་འགུལ་རེ་རེའི་ནང་ འབྲུག་མི་ལས་བྱེདཔ་ བརྒྱ་ཆ་༣༠ རེའི་ དགོས་མཁོ་ཡོད་རུང་ འཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ལ་ལོ་ཅིག་གིས་འབད་བ་ཅིན་ ལས་གཡོག་ལྷན་ཁག་གིས་ ཧེ་མ་ལས་ར་ ཁྲོམ་ཁར་ ལཱ་གི་གོ་སྐབས་ཚུ་ ཞིབ་འཚོལ་འབད་ཐོག་ལས་ དེ་དང་འཁྲིལ་ སྤེལ་ཁང་ཚུ་ནང་ སྦྱོང་མབརྡར་གྱི་གོ་སྐབས་ བཟོ་དགོཔ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༥ པ་ཚུན་ རྒྱལ་ཁབ་ནང་ སྒེར་སྡེ་དང་ གཞུང་མིན་ལས་སྡེ་ དེ་ལས་ གཞུང་གི་སྤེལ་ཁང་ཚུ་བརྩིས་ཏེ་ འཕྲུལ་རིག་ལག་ཤེས་ཤེས་ཡོན་སྦྱོང་བརྡར་བྱིན་མི་ སྤེལ་ཁང་༩༩ ཐོ་བཀོད་འབད་དེ་ ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།