༉ ད་ལས་ཕར་ རྒྱལ་ཁབ་ནང་ ཤིང་དྲ་ནིའི་དོན་ལུ་ འཕྲུལ་ཆས་པ་ཝར་ཅན་ ལག་ལེན་འཐབ་མི་ག་ར་གིས་ འཕྲུལ་ཆས་ལག་ལེན་གྱི་དོན་ལས་ ནགས་ཚལ་ལས་ཁུངས་དང་གཅིག་ཁར་ ཐོ་བཀོད་འབད་དེ་ ཐོ་བཀོད་ལག་ཁྱེར་ཚུ་ ལེན་དགོཔ་ཨིན་པས།
དེ་བཟུམ་སྦེ་ པ་ཝར་ཅན་དང་ འགྲུལ་སྤྱོད་ཤིང་ཆས་དྲ་མི་ཚུ་གིས་ བསྟན་རྒྱས་ལྷན་ཁག་གིས་བྱིན་མི་ ཆོག་ཐམ་ཚུ་ཡང་ བཏོན་དགོ་པའི་ཁར་ ཤིང་དྲ་ཁང་གི་ ས་ཁོངས་ནང་ ཤིང་དྲ་ཆོག་པའི་ གནང་བ་གྲུབ་པའི་ ཤོག་གུ་ངོ་མ་ བཏོན་དགོཔ་ཨིན་པས།
ལམ་ལུགས་དེ་ཡང་ ད་རེས་ འབྲུག་གི་ནགས་ཚལ་དང་ རང་བཞིན་གནས་སྟངས་ཉམས་སྲུང་བཅའ་ཡིག་དང་སྒྲིག་གཞི་༢༠༡༧ ཅན་མའི་ནང་ ཁ་སྐོང་སྦེ་ བཙུགས་ཏེ་ཡོདཔ་ཨིན་པས།
ནགས་ཚལ་ལས་ཁུངས་ཀྱིས་ འཕྲལ་ཁམས་ཅིག་ཁར་ རྩི་རང་གི་ རྒེད་འོག་༡༢ ནང་ སྒྲིག་གཞི་གསརཔ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ནུག།
མ་གཞི་ རྒྱལ་ཁབ་ནང་ ད་རེས་ པ་ཝར་ཅན་དང་ འགྲུལ་སྤྱོད་ཤིང་ཆས་དྲ་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་རུང་ ལག་ལེན་པ་ག་ར་གིས་ འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་ ཐོ་བཀོད་འབད་དེ་ སྒྲིག་གཞི་གི་བརྡ་དོན་ཚུ་ ལེན་དགོཔ་ཨིན་པས།
བཅའ་ཡིག་ནང་ བཀོད་མིའི་ནང་ པ་ཝར་ཅན་དང་ འགྲུལ་སྤྱོད་ཤིང་ཆས་དྲ་མི་ ག་ར་ཨིན་རུང་ གལ་སྲིད་ ཐོ་བཀོད་མ་འབད་བ་ཅིན་ ལག་ལེན་འཐབ་མི་ཆོག་ཟེར་ཨིནམ་ཚད་ ཤི་དྲ་མི་ཚུ་ དབང་ཆ་བྱིན་པའི་ ས་ཁོངས་ནང་ལས་ ས་ཁོངས་གཞན་ གླིང་ཁ་ཚུ་ནང་ གནས་སོར་འགྱོ་དགོ་པ་ཅིན་ གནས་སོར་ཐོ་བཀོད་འབད་ཡོད་པའི་ ཡིག་ཆ་ཚུ་ བཏོན་དགོ་ཟེར་ཨིན་པས།
ཐོ་བཀོད་ཀྱི་ གླ་འཐུས་ཚུ་ ད་ལྟོ་ གྲོས་ཐག་མ་བཅད་པར་ཡོདཔ་ད་ བཅའ་ཡིག་དང་ ད་རུང་ གྲོང་གསེབ་ཤིང་ཆས་ཐོབ་དབང་ནང་ཡང་ བསྒྱུར་བཅོས་སྦོམ་སྦེ་ར་ འབད་དེ་ཡོདཔ་ཨིན་པས།
དེ་ཡང་ གྲོང་གསེབ་ནང་ ཐོག་ཚད་༢ འབད་མི་ཅིག་ ཁྱིམ་རྐྱབ་པའི་སྐབས་ གོང་ཚད་ཕབ་ཆག་གི་ཐོག་ལུ་ ཤིང་དུམ་ སི་ཨེཕ་ཊི་༤,༠༠༠ ཡང་ཅིན་ ཐོག་ཚད་༢ རྐྱབ་ཚུགས་པའི་ ཤིང་རྩ་བོ་ཚུ་ འཐོབ་ནི་ཨིན་མི་དེ་ཡང་ ལོ་༢༥ ནང་ ཚར་ཅིག་ལས་བརྒལ་ མི་འཐོབ་ནི་ཨིན་པས།
དེ་བཟུམ་སྦེ་ ཐོག་ཚད་ཅིག་འབད་མི་ ཁྱིམ་རྐྱབ་པ་ཅིན་ ཁྱིམ་གུང་རེ་གིས་ ཤིང་སི་ཨེཕ་ཊི་༢,༠༠༠ འཐོབ་ཚུགས་ནི་ཨིནམ་བཞིན་དུ་ གུང་རེ་གིས་ ལོ་༡༢ ནང་ ཤིང་སི་ཨེཕ་ཊི་༧༠༠ གི་ ཐོབ་དབང་ཡོདཔ་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་འོགམ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ ལམ་ལུགས་དེ་གིས་ གྲོང་གསེབ་ཚུ་ནང་ ཤིང་ཆས་ཀྱི་ མཁོ་འདོད་ཚུ་ འགྲུབ་ཚུགས་ཟེར་ཨིནམ་ད་ ད་རེས་ བཅའ་ཡིག་ནང་ གུང་རེ་གིས་ ཁྱིམ་གྱི་ཐོག་ཚད་དང་འཁྲིལ་ཏེ་ ཤིང་རྩ་བོ་༨༠ ཐོབ་དབང་ཡོདཔ་ཨིན་པས།
བཅའ་ཡིག་གསརཔ་ནང་ མི་སྡེ་ནགས་ཚལ་གྱི་ འཐུས་མི་ཚུ་གིས་ མི་སྡེ་ནགས་ཚལ་ནང་ལས་ རྡོ་དང་བྱེམ་ཚུ་ བཏོན་ཆོག་པའི་ཁར་ ཚོང་འབྲེལ་འཐབ་ནིའི་ ཐོབ་དབང་ཡོད་རུང་ བྱེམ་དང་ རྡོ་ཚུ་ འཛིན་སྐྱོང་འཆར་གཞི་དང་ ཁྲིམས་ལུགས་དང་ མཉམ་འབྲེལ་འབད་དགོཔ་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་འོགམ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཐུན་རྐྱེན་ཚུ་ ཡུན་བརྟན་སྦེ་ འཛིན་སྐྱོང་འཐབ་ནི་དེ་ འཐུས་མི་ག་ར་གིས་ འགན་ཁུར་ཨིན་ཟེར་ཨིནམ་ད་ བསྐྱར་གསོ་འབད་ཡོད་པའི་ བཅའ་ཡིག་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ་དང་ ནིར་མ་ལ་ པོ་ཁེ་རེལ།