༉ རྒྱལ་ཁབ་ཀྱི་ མི་སེར་ཡོངས་བསྡོམས་ལས་ བརྒྱ་ཆ་༦༠ སོ་ནམ་པ་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་ འཕྲུལ་གླང་པ་ཝར་ཊི་ལར་བྱིན་ནི་གི་ ཁས་བླངས་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ འབད་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ཚོད་ རྒེད་འོག་༢༠༥ དང་ སྤྱི་འོག་དག་པ་ཅིག་ནང་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
བཀྲིས་སྒང་ ཝམ་རོང་གི་འཐུས་མི་ ཀརྨ་བསྟན་འཛིན་གྱིས་ འཕྲུལ་གླང་པ་ཝར་ཊི་ལར་གྱིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོད་པའི་ ལོ་རྒྱུས་གོ་མི་ལུ་བརྟེན་ ད་ལས་ཕར་ སྤྱི་འོག་ཚུ་ནང་ ག་དེ་སྦེ་ བཀྲམ་སྤེལ་འབད་ནི་ཨིན་ན་ཟེར་ ཞུ་ཡི།
སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ སོ་ནམ་དང་འཕྲུལ་ཆས་ལྟེ་བ་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ མི་སེར་གྱི་ གྱངས་ཁ་དང་འཁྲིལ་བ་ཅིན་ འཕྲུལ་གླང་པ་ཝར་ཊི་ལར་༧,༠༠༠ དེ་ཅིག་ དགོ་ནི་མས་ཟེར་ཨིན་པས།
དེ་འབདཝ་ལས་ འཕྲུལ་གླང་དེ་གིས་ ཞིང་རྨོ་ནི་རྐྱངམ་གཅིག་མེན་པར་ གློ་བུར་ཚབས་ཆེན་རེ་ཐོན་པའི་སྐབས་ ནདཔ་སྐྱེལ་འདྲེན་འབད་ནི་ལུ་ ལག་ལེན་འཐབ་བཏུབ་མ་ཚད་ ས་ཁ་མཐོ་ས་ལས་ དམའ་ས་ལ་སོགས་པ་ཚུ་ནང་ སྐྱེལ་འདྲེན་གྱི་དོན་ལུ་ཡང་ ལག་ལེན་འཐབ་བཏུབ་ཟེར་ཞུ་ཡི།
འཕྲུལ་ཆས་དེ་ལུ་བརྟེན་ཏེ་ རེད་བརྡུང་ནི་ལུ་ ཕན་ཐོགས་བྱུངམ་མ་ཚད་ ས་ཁོངས་ལ་ལོ་ཅིག་ནང་ ཆུའི་དཀའ་ངལ་ཡོདཔ་ལས་ ཆུ་འཐེན་ནི་ལུ་ཡང་ ཕན་ཐོགས་ཡོདཔ་སྦེ་ ཞུ་ཡི།
ད་ལྟོ་ཚུན་ཚོད་ཀྱི་རིང་ རྒྱལ་ཁབ་ནང་ འཕྲུལ་གླང་པ་ཝར་ཊི་ལར་ བཀྲམ་སྤེལ་འབད་དེ་ ལོ་ངོ་༣༥ ལང་ཡོདཔ་ཨིན་རུང་ རྒེད་འོག་ཁག་གི་ སྤྱི་འོག་མང་ཤོས་ཅིག་ནང་ ད་རུང་ ཁྱབ་མ་ཚུགས་པར་ཡོད་ཟེར་ སོ་ནམ་བློན་པོ་གིས་ ཞུ་ཡི།
རྒྱལ་ཁབ་ནང་ སྤྱི་ལོ་༡༩༨༠ གྱ་གྲངས་ལས་ འཕྲུལ་གླང་པ་ཝར་ཊི་ལར་ བཀྲམ་སྤེལ་འབད་དེ་ཡོདཔ་ལས་ དེ་གིས་ མི་སེར་ལུ་ཕན་ཐོགས་ཡོད་པའི་ ཞིབ་འཚོལ་འབད་བའི་ཤུལ་ལུ་ རྒེད་འོག་དང་ སྤྱི་འོག་ཚུ་ནང་ བཀྲམ་སྤེལ་འབད་དེ་ གླར་སྤྱོད་འབད་ནི་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཞུ་ཡི།
འཕྲུལ་གླང་པ་ཝར་ཊི་ལར་གྱི་དོན་ལུ་ སོ་ནམ་འཕྲུལ་ཆས་ལྟེ་བ་ཚད་འཛིན་ཡང་ གཞུང་གིས་ ཆ་འཇོག་གནང་ཡོདཔ་བཞིན་དུ་ ལོ་༡ མ་ལངམ་ཅིག་ནང་ ཁོང་གི་ རྫོང་ཁག་མང་ཤོས་ཅིག་ནང་ ཡིག་ཚང་ཚུ་ གཞི་བཙུགས་འབད་དེ་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།