སྤྱིར་སྙོམས་འཛོམས་འདུ་ནང་ གྲལ་གཏོགས་འབད་མི་ ན་རང་རྒེད་འོག་གི་ མི་སེར་ཚུ།

འཕྲལ་ཕུགས་གཉིས་ལུ་ ཕན་ཐོགས་ཚུགས་པའི་འདེམས་ངོ་ གདམ་ཁ་རྐྱབ་དགོཔ།

༉ མོང་སྒར་ན་རང་རྒེད་འོག་གི་ མི་སེར་ཚུ་གིས་ རྒྱལ་ཁབ་དང་ མི་སེར་གྱི་ འཕྲལ་ཕུགས་གཉིས་ལུ་ ཕན་ཐོགས་ཚུགས་པའི་ འདེམས་ངོ་ལྕོགས་གྲུབ་ཅན་ གདམ་ཁ་རྐྱབ་དགོཔ་ ཁག་ཆེ་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༢ ཀྱིས་ ན་རང་རྒེད་འོག་གི་ མི་སེར་ཚུ་དང་ སྤྱིར་སྙོམས་འཛོམས་འདུ་འཚོགས་པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསེར་ཁྲི་རྩ་བ་ལས་ མི་སེར་ཚུ་གིས་ རང་དབང་སྤྱོད་ནི་དང་ འགན་འཁྲི་འབག་དགོཔ་སྦེ་ཡོད་མི་དང་འཁྲིལ་ཨིན་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།

སྒོམ་ཆུ་སྤྱི་འོག་གི་ མི་སེར་ཚུ་དང་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༢༢ ལང་མི་ ཨ་ལོ་༢ ཀྱི་ཨའི་ ཤེས་རབ་མཚོ་མོ་གིས་ སླབ་མིའི་ནང་ སྒོམ་ཆུ་སྤྱི་འོག་དེ་ རྒེད་འོག་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ ས་གནས་ནང་ཆགས་ཡོདཔ་མ་ཚད་ བཀྲིས་སྒང་རྫོང་ཁག་དང་ མོང་སྒར་རྫོང་ཁག་གི་ ས་མཚམས་དང་ མཐའ་ཟུར་ཅིག་ནང་ཨིནམ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ ངེས་པར་དུ་ དགོཔ་ཡོད་ཟེར་ཨིན་པས།

མོ་དང་འཁྲིལ་བ་ཅིན་ འདས་པའི་ལོ་༥ འི་ཧེ་མར་ སོ་ནམ་ཞིང་ལམ་བཏོན་མི་དེ་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་དང་ས་རུད་ལུ་བརྟེན་ དུས་རྒྱུན་སྤྱོད་མ་ཚུགས་པའི་ གདོང་ལེན་ཡོད་ཟེར་ཨིན་པས།

གུང་པ་༢༠ འབད་མི་ སྒོམ་ཆུ་གཡུས་ཚན་གྱི་ མི་སེར་ཚུ་ལུ་ ཆུ་ཞིང་ལངམ་སྦེ་ཡོད་རུང་ ཞིང་ཆུ་མེདཔ་ལས་ བཟའ་སྤྱོད་འབད་མ་ཚུགས་པར་ ལོ་ངོ་བཅུ་ཕྲག་ལང་ཡོདཔ་ལས་ དེ་ཚུའི་ དཀའ་ངལ་བསལ་ཚུགས་མི་འདེམས་ངོ་ ལྕོགས་གྲུབ་ཅན་ཅིག་ གདམ་ཁ་རྐྱབ་ནི་ཨིན་ཟེར་ཨིན་པས།

སྐྱེས་ལོ་༤༦ ལང་མི་ སོ་ནམ་པ་ཨོ་རྒྱན་གྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་༢ ཀྱི་ ཁས་བླངས་གསལ་བསྒྲགས་ཚུ་ རྒྱལ་ཁབ་དང་ མི་སྡེ་ལུ་ འཕྲལ་དང་ཕུགས་ལུ་ ཕན་ཐོགས་ཡོད་མེད་དང་ དམིགས་བསལ་དུ་ ན་རང་རྒེད་འོག་གི་ མི་སེར་ཚུ་ལུ་ ཕན་ཐོགས་ཀྱི་འོས་འབབ་ཡོད་མེད་ཚུ་ མི་སེར་ཚུ་གིས་ ཧ་གོ་ཡོདཔ་ལས་ འདེམས་ངོ་༢ ག་གདམ་ཁ་རྐྱབ་ནི་ཨིན་ན་ ཤེས་རྟོགས་བྱུང་སྟེ་ཡོད་ཟེར་ ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༥༠ ལང་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ བཀྲིས་སྒང་དང་ མོང་སྒར་གྱི་གཞུང་ལམ་ རོ་ལོང་ལས་ རྒེད་འོག་ཚུན་ སྣུམ་འཁོར་ལམ་བཏོན་ཏེ་ ལོ་༨ དེ་ཅིག་ལང་ཡོད་རུང་ རྩི་ནག་མ་བཏངམ་ལས་ གཡུས་ཚན་ཚུ་ལས་ སོ་ནམ་གྱི་ཐོན་སྐྱེད་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ རྒྱ་ཆེཝ་སྦེ་ཐོན་རུང་ ཚོང་འབྲེལ་འཐབ་མ་ཚུགསཔ་ལས་ གཞན་རྒེད་འོག་ཚུ་བཟུམ་སྦེ་ མི་སྡེའི་དཔལ་འབྱོར་འདྲ་མཉམ་སྦེ་ གོང་འཕེལ་འགྱོ་མ་ཚུགས་པར་ཡོད་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ ཨྱོན་དབང་འདུས་ཀྱིས་ མི་སེར་ཚུ་ལུ་ སླབ་མིའི་ནང་ དམངས་གཙོའི་རིང་ལུགས་དབུ་བརྙས་མི་དང་འཁྲིལ་ སྤྱི་ཚོགས་དང་པའི་ནང་ འབྲུག་ཕུན་སུམ་ཚོགས་པ་གཞུང་སྐྱོང་གི་ གོ་སྐབས་གནང་མི་དང་བསྟུན་ རྒེད་འོག་འཁོར་ལམ་དང་ སྒོམ་ཆུ་གི་ སོ་ནམ་ཞིང་ལམ་ཚུ་ བཏོན་ཡོད་མི་དེ་ རྩི་ནག་གཏང་ནི་དང་ རྡོ་བསྒྲིག་ནི་ ཆུ་གཡུར་བསལ་ནི་ཨིན་ཟེར་ཨིན་པས།

ན་རང་སློབ་གྲྭ་ཆུང་བ་དེ་ ཨ་ལོའི་འོས་འབབ་དང་འཁྲིལ་ འབྲིང་རིམ་སློབ་གྲྭ་འོག་མ་གུ་ ཡར་སེང་འབད་དེ་ ལྟོ་ཐོབ་བཟོ་ནི་དང་ རྒེད་འོག་ནང་ཡོད་པའི་ སློབ་གྲྭ་ག་རའི་ནང་ ཉིན་མ་ལྟོ་འཐོབ་སྦེ་བཟོ་ནི་ སློབ་ཕྲུག་ཚུ་གི་ འཐུས་དངུལ་ཀྲམ་༡༠༠༠ ལས་༡༥༠༠ གུ་ཡར་སེང་འབད་ནི་ དེ་ལས་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ འཐུས་དངུལ་ཀྲམ་༡༥༠༠ ལས་༢༠༠༠ གུ་ ཡར་སེང་འབད་ནིའི་ ཁས་བླངས་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ སློབ་རིམ་༡༠ པ་དང་ སློབ་རིམ་༡༡ པ་ དེ་ལས་ སློབ་རིམ་༡༢ པ་ཚུ་ནང་ མཐར་འཁྱོལ་མ་ཚུགས་མི་སློབ་ཕྲུག་ཚུ་ ལོག་འཕྲོ་མཐུད་དཔེ་ཆ་བལྟ་ཚུགསཔ་བཟོ་ནི་ དེ་ལས་ སློབ་གྲྭ་ཚུ་ནང་ གློག་རིག་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཤེས་རིག་གི་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཨིན་པས།

གཞན་ཡང་ གྲོང་གསེབ་གོང་འཕེལ་གཏང་ནིའི་དོན་ལུ་ གྲོང་གསེབ་ཚུ་ནང་ དངུལ་ཁང་རེ་ གཞི་བཙུགས་འབད་དེ་ སྐྱེད་བརྒྱ་ཆ་༤ སོ་ནམ་དང་ སྒོ་ནོར་ཚུ་གི་དོན་ལུ་ སྐྱིན་འགྲུལ་བྱིན་ནི་དང་ དེ་ཡང་ སོ་ནམ་པ་རྐྱངམ་གཅིག་གི་དོན་ལུ་ སྲིད་བྱུས་དང་ སྒྲིག་གཞི་ཚུ་བཟོ་ ཕུལ་ཚུགས་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༩ ལང་མི་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཡོདཔ་དང་མེད་པའི་ཁྱད་པར་ བཟོ་ནིའི་ལྟ་བ་དང་ གཞི་རྩ་གུ་ གྲོང་གསེབ་ཚུ་ནང་ གསོ་བའི་ཞབས་ཏོག་གང་དྲག་བྱིན་ནི་དེ་ འབྲུག་མི་ཡོངས་ཀྱིས་ མཁོ་འདོད་ངོ་མ་ཅིག་ཨིནམ་ལས་ འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་ཅན་ཅིག་བྱུང་ཡི་ཟེར་ཨིན་པས།

འདེམས་ངོ་གིས་འབད་བ་ཅིན་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་འགྱོ་ཡོད་རུང་ མི་ཕྱུགཔོ་ཚུ་ ཧེང་སྐལ་ཡར་རྒྱས་འགྱོ་མི་དང་ མི་སྤྱང་ཀ་ཚུ་ སྤྱང་ཀ་སྦེ་ལུས་ཡོདཔ་ལས་ གལ་སྲིད་ འབྲུག་མཉམ་རུབ་ཚོགས་ལུ་ རྒྱབ་སྐྱོར་འབད་དེ་ གཞུང་སྐྱོང་འབད་ནིའི་གོ་སྐབས་འཐོབ་པ་ཅིན་ ཁྱད་པར་མེདཔ་བཟོ་ནི་ཨིན་ཟེར་ཨིན་པས།

མ་གཞི་ གསོ་བའི་ཞབས་ཏོག་དང་ ཤེས་རིག་ཚུ་ རྒྱལ་ཡོངས་ལུ་ རིན་མེད་སྟོང་པར་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་དང་ ཐུགས་ཀྱི་དགོངས་བཞེད་ཨིན་རུང་ ད་ལྟོ་ཚུན་ གསོ་བའི་ཞབས་ཏོག་ཚུ་ མི་ཕྱུགཔོ་ཚུ་གིས་ སྤྱོད་ཡོདཔ་མ་གཏོགས་ མི་སྤྱང་ཀ་ཚུ་གིས་ འདྲ་མཉམ་དང་ དྲང་བདེན་སྦེ་ སྤྱོད་མ་ཚུགས་པས་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲལ་དང་ཕུགས་ལུ་ ཕན་ཐོགས་ཚུགས་པའི་ ཁས་བླངས་གསལ་བསྒྲགས་ མ་འདྲཝ་སྦེ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྩོད་བསྡུར་དང་ མི་སྡེ་བརྡ་བརྒྱུན་ཚུ་ནང་ སྐྱོན་བརྗོད་འབད་ནི་འགོ་བཙུགས་ཡོད་མི་ལུ་ གཞི་བཞག་སྟེ་ སེམས་འགྱུར་ནི་མི་འོང་ཟེར་ དེ་ཁར་འཛོམས་མི་ མི་སེར་ཚུ་ལུ་ སླབ་ཨིན་པས།

སོ་ནམ་གྱི་ཐོན་སྐྱེད་མ་ཐོནམ་ལས་ མི་སེར་ཚུ་ལུ་ ཏི་རུ་བྱིན་ནི་དང་ སོ་ནམ་པའི་ཨམ་སྲུ་ ཨ་ལོ་སྐྱེས་མི་ཚུ་ལུ་ འཐུས་སྤྲོད་ནི་དང་ སློབ་རིམ་༡༠ པ་ལས་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཁས་བླངས་གསལ་བསྒྲགས་འབད་མི་གུ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྐྱོན་བརྗོད་འབད་མི་དེ་ མི་སེར་ཚུ་གིས་ གོ་བ་ བརྡ་ལོག་སྦེ་ ལེན་ནི་མི་འོང་ཟེར་ཨིནམ་ད་ འཕྲལ་ཕུགས་ལུ་ ཕན་ཐོགས་ཚུགསཔ་བཞིན་དུ་ འབད་མ་ཚུགསཔ་ག་ནི་ཡང་མེདཔ་ལས་ རྒྱབ་སྐྱོར་འཕྲོ་མཐུད་འབད་དགོཔ་སྦེ་ བསྐུལ་མ་འབད་ཡི།

རྒྱལ་ཁབ་ནང་ རྫོང་ཁག་༢༠ གི་མི་སེར་ཚུ་ བཟའ་ཚང་གཅིག་སྦེ་ཨིན་རུང་ དཀྲོགས་ཁ་དང་ སྐྱོན་བརྗོད་འབད་མི་ལུ་བརྟེན་ ཕྱོགས་དབྱེ་འགྱོ་བའི་དཀའ་ངལ་དང་ མི་ཚུ་གི་བར་ན་ ཕུང་དཀྲུགས་མི་ དེ་ལས་ སྡེ་ཚན་ཚུ་བཟོ་ཐོག་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ལས་ ཕན་ཐོགས་ཅན་གྱི་ སྲིད་ཚོགས་གདམ་ཁ་རྐྱབ་དགོཔ་ གལ་ཆེ་ཟེར་ དྲན་བསྐུལ་འབད་ཡི།

ལྷག་པར་དུ་ འདེམས་ངོ་འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་དབང་འདུས་ལས་ ལོ་ན་སྦོམ་པའི་ཁར་ ཤེས་ཡོན་ཡང་ ཧེ་མ་ལྷབ་སྦྱང་འབད་དེ་ གཞུང་ལུ་ཕྱག་ཞུ་བའི་ཉམས་མྱོང་དང་ རིག་པ་ཡོདཔ་མ་ཚད་ ལོ་ངོ་༡༠ གྱི་རིང་ མི་སེར་ཚུ་གིས་ གོ་སྐབས་ཧྲིལ་བུམ་ སྤྲོད་ཡོདཔ་ལས་ མི་སེར་ལུ་ ཕྱག་ཞུ་ནིའི་དོན་ལས་ འགན་འཁྲི་དེ་ འདེམས་ངོ་སོ་སོ་ལུ་ བརྩི་ སྤྲོད་ནིའི་ དུས་ཚོད་རན་མཆིས་ཡི་ཟེར་ཨིན་པས།

ལྷག་པར་དུ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་འཇིགས་མེད་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་དབང་འདུས་ཀྱིས་ གསུང་བྱོན་ཚུ་ནང་ མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་སྐོར་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་དེ་ རྒྱབ་སྐྱོར་འཚོལ་མི་དང་ མི་གཞན་བསྐུལ་མ་འབད་ཐོག་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་མི་འོང་ཟེར་བའི་སྐོར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ བསྐུལ་མ་འབད་དེ་ ཕར་ཚུར་དཀྲོགས་པའི་དཀའ་ངལ་ཚུ་ ཡོད་ཟེར་ཨིན་པས།

ཨིན་རུང་ འདེམས་ངོ་ཨྱོན་དབང་འདུས་དང་འཁྲིལ་བ་ཅིན་ དེ་བཟུམ་མིའི་ བཙག་འཐུའི་བྱ་རིམ་གྱི་སྐབས་ འབད་ཆོགཔ་དང་ མ་ཆོག་པའི་སྐོར་ལས་ ཤེས་རྟོགས་ཡོདཔ་ལས་ ད་རེས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་གིས་ བཙག་འཐུ་ལྷན་ཚོགས་ནང་ ཉོགས་བཤད་བཙུགས་མི་དེ་ དོན་མེད་པར་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ བཙུགསཔ་ཨིན་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༢༨ ལས་ སྔ་ཚང་རྒེད་འོག་འགོ་བཙུགས་ ཐང་རོང་དང་ ལྕགས་སི་མཁར་ ཤེས་རི་མུ་ཧཱུྂ་ བཱ་ལམ་ དགྲ་མེད་རྩེ་ དེ་ལས་ ན་རང་རྒེད་འོག་ནང་སྦེ་ སྤྱིར་སྙོམས་ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ ན་རང་རྒེད་འོག་ སྒོམ་ཆུ་ལས་ མཇུག་བསྡུ་ཡོད་པའི་གནས་ཚུལ།

ན་རང་སྒོམ་ཆུ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *