འཕུར་འགྲུལ་དང་འབྲེལ་བའི་ ཉེན་སྲུང་སྒྲིང་སྒྲི་དགོཔ།

༉ འཕྲལ་ཁམས་ཅིག་ཁར་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ སྨྱོ་རྫས་ལོག་སྤྱོད་འབད་མ་འབད་ བརྟད་དཔྱད་འབད་བའི་སྐབས་ གནམ་གྲུའི་དེད་དཔོན་༡ དང་ གནམ་གྲུ་ནང་ ལཱ་འབད་མི་༢ ཀྱིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ ངོས་འཛིན་བྱུངམ་ལས་ མཁའ་འགྲུལཔ་ཚུ་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།
ག་འཆརཔ་ཟེར་བ་ཅིན་ གནམ་གྲུའི་ལས་བྱེདཔ་ཚུ་གིས་ འདི་བཟུམ་མའི་ ཉེན་ཁ་ཅན་གྱི་ སྨྱོ་རྫས་ལོག་སྤྱོད་འབད་བ་ཅིན་ འཕུར་འགྲུལ་འབད་མི་ མཁའ་འགྲུལཔ་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་སྦོམ་ ཡོད་ནི་དེ་གིས་ཨིན་མས།
མ་གཞི་ ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་པའི་ གྲུབ་འབྲས་ཐོན་མི་ དོགས་པ་ཅན་ཅིག་ དྲུང་འཚོའི་བཀོད་འཛིན་ཐོག་ལུ་ སྨན་ཟ་བའི་བསྒང་ཨིན་རུང་ ཞིབ་དཔྱད་རྐྱབ་པའི་ ནམ་དུས་ལུ་ ཌོག་ཊར་གྱིས་བྱིན་མི་ བཀོད་འཛིན་གསལ་སྟོན་འབད་ནི་མེདཔ་ལས་ སྨྱོ་རྫས་སྤྱོད་མིའི་གྲངས་སུ་ བརྩི་འཇོག་འབད་ནུག་ཟེར་ཨིན་མས།
སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་མངོན་གསལ་བྱུང་མི་ དོགས་ཅན་༣ པོ་དེ་ཡང་ འབྲུག་ཨེ་ཡར་གྱི་ གནམ་གྲུ་བཏང་མི་ དེད་དཔོན་དང་ གནམ་གྲུའི་ལས་བྱེདཔ་ ཨམ་སྲུ་ཅིག་ དེ་ལས་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་ཟེར་མི་ བཀྲིས་མཁའ་འགྲུལ་གྱི་ ལས་བྱེདཔ་ཅིག་ཨིན་མས།
དེ་སྦེ་ སྨྱོ་རྫས་ལོག་སྤྱོད་འབད་མི་ལུ་ བལྟ་བ་ཅིན་ མཁའ་འགྲུལ་གྱི་ ཉེན་སྲུང་མེད་པའི་ བརྡ་མཚོན་སྟོནམ་མ་ཚད་ སྨྱོ་རྫས་ཚུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ས་ཐོག་ལས་ འབག་འོང་མི་ཚུ་ལུ་ ལྟ་རྟོག་དང་ ཞིབ་དཔྱད་མཐིལ་ཕྱིན་འབདཝ་ཨིན་རུང་ སྨྱོ་རྫས་ལ་ལོ་ཅིག་ གནམ་གྲུའི་ཐོག་ལས་ འབག་འོང་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་གོཝ་མས།
ད་ཚུན་གྱི་བར་ན་ སྤྱིར་བཏང་གི་ མནོ་ལུགས་ལས་འབད་བ་ཅིན་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་འཐབ་མི་ མང་ཤོས་ར་ ལཱ་གཡོག་མེད་མི་ ན་གཞོན་ཚུ་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁ་ཉེས་བཀལ་དོ་ཡོད་རུང་ གནམ་གྲུའི་ལས་བྱེདཔ་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་འབད་མི་ལུ་ བལྟ་བ་ཅིན་ ལཱ་གཡོག་ཡོད་མི་དང་ མེད་མི་གཉིས་ཆ་ར་གིས་ ཁྲིམས་འགལ་གྱི་ བྱ་ངན་ཚུ་ནང་ འབྲེལ་གཏོགས་འབད་མི་དེ་ ལྷག་པར་དུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
འབྲུག་ལུ་ ཕྱི་རྒྱལ་གྱི་ ལྟ་བཤལཔ་མང་ཤོས་ར་ གནམ་གྲུ་ནང་ འོང་དོ་ཡོདཔ་ལས་ གནམ་གྲུའི་ལས་བྱེདཔ་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་འབད་བ་ཅིན་ འཕུར་འགྲུལ་འབད་ནི་ལུ་ འདྲོག་བྱེལ་འཐབ་སྟེ་ ལྟ་སྐོར་ལུ་ མི་འོང་ནི་གི་ འོས་འབབ་ཡོདཔ་ད་ གལ་སྲིད་ གནད་དོན་དེ་ལུ་བརྟེན་ཏེ་ ལྟ་བཤལ་པའི་གྱངས་ཁ་ མར་འབབ་འགྱོ་བ་ཅིན་ ལྟ་བཤལ་དང་འབྲེལ་བའི་ ཕྱི་དངུལ་གྱི་ འོང་འབབ་ཡང་ མར་འབབ་འགྱོ་ནི་དང་ མཐའན་མཇུག་ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་སྦོམ་ཡོད།
སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ སྨྱོ་རྫས་ལོག་སྤྱོད་དང་འབྲེལ་བའི་ དཀའ་ངལ་རྐྱངམ་གཅིག་མེན་པར་ ཧེ་མར་ཡང་ ཉེན་སྲུང་གི་ གནད་དོན་ལེ་ཤ་ཐོན་མི་དེ་ཡང་ ཟླཝ་དག་པ་ཅིག་གི་ཧེ་མར་ ཨམ་སྲུ་ཅིག་གིས་ སྤ་རོ་གནམ་ཐང་ལས་ ཀྲོབ་མདའི་མདེའུ་ཚུ་ འབག་འགྱོ་བའི་སྐབས་ ཉེན་སྲུང་ལྟ་རྟོག་འབད་མི་ཚུ་གིས་ བདའ་མ་ཟུན་མི་དེ་ འཐུས་ཤོར་སྦོམ་བྱུང་ནུག།
དེ་མ་ཚད་ ཧེ་མ་ཚར་ཅིག་ གནམ་གྲུ་ཐང་ནང་ སི་སི་ཊི་བི་པར་ཆས་གཞི་བཙུགས་འབད་མི་ཚུ་ཡང་ ལཱ་འབད་མ་བཏུབ་ཐལ་ཡོད་པའི་ ལོ་རྒྱུས་ཡང་ཐོན་ཡི།
བྱུང་རྐྱེན་དེ་ཚུ་ལུ་ལྟཝ་ད་ ཉེན་སྲུང་ལམ་ལུགས་ཚུལ་ལྡན་མེད་པའི་ བརྡ་མཚོན་སྟོནམ་མས། འདི་འབདཝ་ལས་ ནད་མ་འོངམ་ལས་ རིམ་གྲོ་དང་ ཆུ་མ་འོངམ་ལས་ གཡུར་བ་ཟེར་ སླབ་སྲོལ་ཡོདཔ་བཟུམ་ འབྲེལ་ཡོད་དབང་འཛིན་ཚུ་ རྐྱེན་ངན་སྦོམ་ འབྱུང་ནི་ལུ་ བསྒུག་སྡོད་ནི་མེན་པར་ མཁའ་འགྲུལ་དང་འབྲེལ་བའི་ ཉེན་སྲུང་སྒྲིང་སྒྲི་བཟོ་ནི་དང་ བྱ་ངན་འཐབ་མི་ཚུ་ལུ་ ཁྲིམས་ཀྱི་གདོང་ལེན་ ངེས་པར་དུ་ འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།

༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …

Leave a Reply

Your email address will not be published. Required fields are marked *