༉ ཞི་གཡོགཔ་ཚུ་ ཅོག་འཐདཔ་ཨིན་རུང་ ཁྲིམས་ལུགས་མ་འདྲཝ་སྦེ་ ལག་ལེན་འཐབ་མི་དེ་ལུ་ འདྲ་མཉམ་མིན་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ བསམ་ཚུལ་བཀོད་མི་དེ་ལུ་ དཔྱད་ལྟཝ་ད་ འོས་ལྡན་ཅིག་ཨིན་པའི་ ཚོར་སྣང་ཡང་ བྱུངམ་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཀྲོང་གསར་ལུ་ ཚུལ་མིན་ཐོག་ལས་ ས་ཆ་ཉོ་བཙོང་འཐབ་པའི་ རྩོད་དོན་ཅིག་ནང་ གྲལ་གཏོགས་འབད་མི་ ཞི་གཡོགཔ་གཉིས་ཀྱི་གྲས་ལས་ གཅིག་ གནས་སྐབས་ཅིག་གི་དོན་ལུ་ གཡོག་ནང་ལས་ དགོངས་ཕོག་བཏང་ཡོད་རུང་ གཞན་མི་དེ་ལུ་ ངོས་ལེན་གཅིག་མཚུངས་ མ་འབད་ནི་དེ་གིས་ཨིན་མས།
གནད་དོན་འདི་ལུ་བརྟེན་ ད་རེས་ནངས་པ་ སྤྱིར་བཏང་མི་མང་གི་ས་ཁོངས་ནང་ དེ་བཟུམ་མའི་ ལོ་རྒྱུས་འདྲ་མིན་སྣ་ཚོགས་དང་ འཐོར་གཏམ་བཤད་མི་ ལེ་ཤ་ཐོནམ་ཨིན་མས།
མ་གཞི་ གཅིག་ལས་བལྟ་བ་ཅིན་ ཞི་གཡོགཔ་ཚུ་གིས་ རྩ་བ་གསུམ་ལུ་ ཐ་དམ་ཚིག་གཙོ་བོར་བཏོན་ཏེ་ ཕྱག་ལཱ་མ་གནང་པ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་འབད་རུང་ དེ་བསྟུན་གྱི་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ གཡང་ཟ་བག་ཟོན་མེད་པར་ བཀལ་དགོཔ་ཨིནམ་ད་ དེ་ཡང་ ངན་པ་ཚར་མ་གཅོདན་ བཟང་པོ་ཁྱུན་མི་འཐོན་ཟེར་ སླབ་དོ་བཟུམ་ཅིག་ཨིན།
ཨིན་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་གྱིས་འབད་བ་ཅིན་ ཉེས་ལས་ནང་ གྲལ་གཏོགས་འབད་མི་ ཞི་གཡོགཔ་ཚུ་ ག་ར་འབད་རུང་ གནས་སྐབས་དགོངས་ཕོག་གཏང་ནི་ ཨིན་ན་མེན་ན་དེ་ རང་སོའི་ལས་སྡེ་ལུ་ རག་ལསཔ་ཨིན་ཟེར་ཨིནམ་ད་ དེ་ཡང་ བདག་སྐྱོང་གི་ ངོས་ལེན་འབད་མི་གཙུག་སྡེ་ སོ་སོར་འབད་ནི་དེ་གིས་ཨིན་མས།
དཔེ་འབད་བ་ཅིན་ ཞི་གཡོགཔ་ཅིག་གིས་ རྩོད་གཞི་ཕྱེ་ནིའི་དོན་ལུ་ རང་སོའི་ ཡིག་ཚང་ནང་ལས་ ངལ་གསོ་ལེན་ཏེ་ འགྱོ་བའི་སྐབས་ ཁོ་རའི་རྒྱུ་དངོས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ངེས་པར་དུ་ དགོངས་ཕོག་གཏང་དགོ་པའི་ གནད་དོན་ཅིག་ མེདཔ་ཨིན་མས།
གལ་སྲིད་ དགོངས་ཕོག་བཏང་སྟེ་འབད་རུང་ མི་ངོམ་དེ་ལུ་ ཁྲིམས་ཀྱི་འདུན་ས་ལས་ ཉེས་པ་ཡོད་པའི་ མངོན་གསལ་མ་འབྱུང་ཚུན་ ཁྲིམས་ངོ་མ་ བཀལ་དོ་བཟུམ་སྦེ་མེན་པའི་ གོ་དོན་ལེན་དགོཔ་མ་ཚད་ ཟླ་རིམ་གྱི་ དངུལ་ཕོགས་ཕྱེད་ཀ་ བཏོགས་བཞག་མི་དེ་ཡང་ ལོག་སྟེ་ རང་འཇགས་འཐོབ་ཚུགས་ནི་ཨིན་མས།
གཅིག་ལས་བལྟ་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་ནང་ འབྲེལ་གཏོགས་འབད་མི་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་ ག་ར་འབད་རུང་ གནས་སྐབས་དགོངས་ཕོག་ བཏང་དགོ་པའི་ དམིགས་དོན་དེ་ཡང་ གཙོ་བོ་ར་ རྩོད་བཤེར་འབད་བའི་ ནམ་དུས་ལུ་ ཡིག་ཚང་ནང་ ཨ་རྟག་ག་ཨིནམ་སྦེ་ར་ བཞག་པ་ཅིན་ གཞུང་གི་རྒྱུ་དངོས་ སྣང་ཆུང་ཤོས་ ཡིག་ཤོག་གཅིག་འབད་རུང་ ལོག་སྤྱོད་འབད་སྲིད་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ དེ་ལས་ ཟུར་ཐབས་འབད་ནི་དང་ མི་ངོམ་དེ་གི་ ཉེན་སྲུང་དོན་ལུ་ཨིན་མས།
དེ་མ་ཚད་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་སྐབས་ གཞུང་གི་ལཱ་དང་གཅིག་ཁར་ ཚ་གྱང་ལང་མ་དགོ་པར་ བྱ་སྟབས་བདེ་ཏོག་ཏོ་སྦེ་ རྩོད་གཞི་ནང་ གྲལ་གཏོགས་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ཡང་ཨིན་མས།
ཨིན་རུང་ སྤྱིར་བཏང་མི་མང་གིས་ བསམ་ཚུལ་བཀོད་དོ་བཟུམ་སྦེ་ གོ་གནས་ཀྱི་ མཐོ་སྟེང་མཐོ་སྨད་དང་ དྲག་ཞན་གྱི་དབྱེ་བ་ ཁ་དྲག་དབང་ཆེན་ལུ་ མ་བལྟ་བར་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ བསྟར་སྤྱོད་འབད་དགོཔ་ གལ་ཆེ་བས་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …