༉ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་གནོད་འཚེ་གི་ ཉེས་འཛུགས་འབད་མི་དེ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ འགྱུར་ལྡོག་འབད་དེ་ ཉེས་པ་ཡངས་ཕྲའི་ཉེས་ཁྲིམས་བཀལ་ཏེ་ བཙོན་ཁྲིམས་ཟླཝ་༡༠ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ ཇ་ཁང་གི་ཚོང་འབྲེལ་འཐབ་སྡོད་མི་ ཉེས་ཅན་ཨ་ཤོག་སུ་བྷ་གིས་ ཁོ་ར་ དོ་དམ་ནང་སྡོད་པའི་ལྷག་ལུས་ཚུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༨ དང་༩ ལུ་ ཁོ་རའི་ཇ་ཁང་ནང་ ཨ་རྟག་བཟུམ་སྦེ་ ཉམས་རྒུདཔ་བུམོ་ཅུང་དེ་གིས་ ལཱ་གི་ཆ་རོགས་འབད་བྱིན་པར་འོང་པའི་སྐབས་ ཁོ་གིས་ ཡར་འཐུ་བའི་སྐབས་ ཨོམ་དང་བརླད་དོ་དཀྲོགས་མི་ལུ་བརྟེན་ ཉེས་འཛུགས་འབད་ཡོདཔ་ད་ ཉེས་ཅན་གྱིས་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ དེ་ཚུ་ག་ར་ བདེན་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་ མོ་ལུ་དེ་བཟུམ་འབད་མི་དེ་ མནོ་བསམ་ངན་པའི་ཐོག་ལས་མེན་པར་ ཁོ་རའི་ཨ་ལུ་བཟུམ་སྦེ་ མནོ་བསམ་བཏང་སྟེ་ འབད་ཡི་ཟེར་ཞུ་ནུག།
དེ་ཡང་ ཉམས་རྒུདཔ་དེ་གིས་ ཨ་རྟག་ར་ ཁོ་གི་ཇ་ཁང་ནང་འོང་སྟེ་ ལཱ་གི་ཆ་རོགས་འབད་ནི་ཡོདཔ་ལས་ སློབ་གྲྭ་ནང་འགྱོ་བའི་སྐབས་ ཟད་འགྲོ་སྦེ་ཟེར་ ཁོ་ར་དང་ ཁོ་རའི་ཨམ་སྲུ་གིས་ ཏི་རུ་ཡང་ དུམ་གྲ་རེ་བྱིན་ནི་ཡོད་ཟེར་ཨིན་པའི་ཁར་ མོ་རྐྱངམ་གཅིག་མེན་པར་ སློབ་ཕྲུག་བུཚ་དང་བུམོ་གཞན་ཚུ་ལུ་ཡང་ ཏི་རུ་དུམ་གྲ་རེ་ བྱིན་ནི་ཡོད་ཟེར་ཞུ་ནུག།
ཨིན་རུང་ རྐྱེན་ངན་བྱུང་བའི་ཚེ་ ཁོ་གིས་ཡར་འཐུ་བའི་སྐབས་ བུམོ་ཅུང་དེ་གི་ ཨོམ་དང་བརླད་དོ་གུ་ རེགཔ་མ་ཤེས་པར་ འགྱོ་འགྱོཝ་མ་གཏོགས་ དོན་ཅན་འབད་ར་ དཀྲོག་དཀྲོགསཔ་མེན་ཟེར་ཞུ་ནུག།
ཉེས་ཅན་ཨ་ཤོག་སུ་བྷ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉེས་འཛུགས་འབད་མི་དེ་ལུ་ ཁྲིམས་འདུན་གྱིས་ སྙན་གསན་འབད་བའི་སྐབས་ རྩོད་ཟླ་གིས་ ངོས་ལེན་མ་འབདཝ་ལས་ ཁོ་ལུ་ཉེས་འཛུགས་བཀལ་མི་དེ་ འགྱུར་ལྡོག་འབད་དེ་ ཉེས་པ་ཡངས་ཕྲའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
བྱིས་པ་བསུན་བཙེར་གྱི་ ཉེས་འཛུགས་འབད་མི་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་དོན་ཚན་༡༨༧.༣ དང་འཁྲིལ་ འགྱུར་ལྡོག་འབད་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༢༠༥ ལས་འགལཝ་ལས་ ཁྲིམས་དེབ་དེའི་དོན་ཚན་༢༠༦ དང་༡༣ དང་འཁྲིལ་ བརྡབ་གསིག་འཁྲིག་ཆགས་ཀྱི་ཉེས་ཁྲིམས་ ཉེས་པ་ཡང་ཕྲའི་ བཙོན་ཁྲིམས་བཀལ་ཡོད་མི་དེ་ ཉེས་ཅན་གྱིས་ ཁྲིམས་འཐུས་བཏབ་ཆོག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཉེས་ཅན་ཁོ་ར་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༩ ལས་ སྤྱི་ཟླ་འདི་གི་ཚེས་༡༧ ཚུན་ དོ་དམ་ནང་བཞག་ཡོདཔ་ད་ འཁྲུན་ཆོད་དེ་ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ བཏོན་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ངོ་ཚབ་ཀྱིས་ གསོ་བའི་བརྟག་དཔྱད་འབད་བའི་སྐབས་ བུམོ་ཅུང་གི་ཟ་ལྟབ་གུ་ འུ་བཀལ་བའི་ཤུལ་ཐོན་ཡོདཔ་ལས་ བྱིས་པ་བསུན་བཙེར་གྱི་ གནོད་འགེལ་གྱི་ཉེས་ཁྲིམས་བཀལ་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཉེས་ཅན་གྱིས་ ཁོ་གི་ཇ་ཁང་དེ་ ས་གོ་ཆུང་ཀུ་ཨིན་པའི་ཁར་ ཁང་མིག་ཡང་ གཅིག་ལས་མེདཔ་ལས་ དེ་ནང་ ཨམ་སྲུ་དང་ཨ་ལུ་ཚུ་ག་ར་ གཅིག་ཁར་སྡོད་པའི་ཁར་ ཕྱི་ཁར་ལས་ཕར་ དྲོ་པ་ལས་ཕྱི་རུ་ཚུན་ མི་ཚུ་རྩེདམོ་རྩེ་སྡོད་ནི་ཡོདཔ་ལས་ བསམ་ངན་ཐོག་ལས་ བྱ་ངན་འབད་ནིའི་ ས་ཁོངས་ར་ མེན་ཟེར་ཞུ་ནུག།
ཉེས་ཅན་གྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༦ པ་དང་འཁྲིལ་ ཉམས་རྒུད་པར་ རྒུད་འཐུས་སྤྲོད་དགོཔ་ཨིན་རུང་ གནོད་ཉེན་ཚབས་ཆེན་མེནམ་ལས་ རྒུད་འཐུས་སྤྲོད་མ་དགོ་པའི་ འཁྲུན་ཆོད་བཏོན་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།