འདེམས་ངོ་སྦེ་ ངོས་འཛིན་འབད་མིའི་ ཕོ་རྒནམ་གིས་ འབྲུག་ཕུན་སུམ་ཚོགས་པ་ལས་ རྒུད་འཐུས་དགོ་པའི་ མཁོ་འདོད་བཀོད་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་ ཟླཝ་༡༠ གྱི་ཧེ་མ་ འདེམས་ངོ་སྦེ་ ངོས་འཛིན་འབད་བའི་ཤུལ་ལས་ འདེམས་ངོ་གཞན་ཅིག་ གསལ་བསྒྲགས་འབད་མི་ལུ་བརྟེན་ གྲོས་འཆར་ཅན་གྱི་ མི་ངོམ་དེ་ ཚོང་འབྲེལ་གྱི་ གྱོང་རྒུད་ཕོག་མི་དང་ གོ་སྐབས་གཞན་མི་ཚུ་ མེདཔ་སོང་མི་དེ་ལུ་ ཁོ་རའི་ སྤུན་ཆ་ཚུ་གིས་ ཚོགས་པ་ལས་ རྒུད་འཐུས་དགོ་པའི་ བློ་འདོད་བཀོདཔ་ཨིན་པས།
དེ་ཡང་ གནད་དོན་དེ་གི་སྐོར་ལས་ ཁེ་རྒུད་མ་བཏུབ་མིའི་ ཁ་ཐུག་ལས་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།
ཚོགས་པ་གིས་ ན་ཧིང་ སྤྱི་ཟླ་༨ པའི་ནང་ གསར་སྤང་ཤོམ་སྤང་ཁ་འདེམས་ཁོངས་ལས་ སཱན་བྷ་དུར་ མོང་གར་དེ་ འདེམས་ངོ་སྦེ་ ངོས་འཛིན་འབད་བའི་ཤུལལས་ ཁོ་གིས་ ཚོང་འབྲེལ་གྱི་ ཆོག་ཐམ་ཚུ་ ལོག་སྤྲོད་ཡོད་པའི་ ལོ་རྒྱུས་འདུག།
སྤྱི་ཟླ་༥ པའི་ཚེས་༡༥ ལུ་ ཚོགས་པ་གིས་ ཆུ་འཛོམས་རྒེད་འོག་ ལྷ་ཡུལ་ལས་ སྐྱེས་ལོ་༣༣ ལང་མི་ དེའུ་ཀུ་མར་རི་མཱལ་དེ་ ཤོམ་སྤང་ཁ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་ནུག།
འདེམས་ངོ་སྦེ་ ངོས་འཛིན་འབད་མི་གི་ཕོ་རྒནམ་ ཨེམ་བི་ མོང་གར་གྱིས་ སླབ་མིའི་ནང་ ཆ་རོགས་ཚུ་དང་ ཉེ་ཚན་ དེ་ལས་ ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་ཡོད་མི་ཚུ་ལུ་ ནང་འཁོད་སྐུལ་བསྒྲགས་འབདཝ་ད་ ལཱ་ལྟོ་ཆག་མི་དང་ ཟད་འགྲོ་བཏང་པའི་ རྒུད་འཐུས་ཐོབ་བརྗོད་བཀོད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་བརྩིས་ཏེ་ འགོ་དཔོན་ཚུ་གིས་ སྤྱི་ལོ་༢༠༡༧ ཟླ་༨ པའི་ཚེས་༧ ལུ་ ཐིམ་ཕུག་ལོ་ཊོསི་ཟ་ཁང་ནང་ འདེམས་ངོ་སྦེ་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཨེམ་བི་མོང་གར་གྱིས་ སླབ་མིའི་ནང་ ཁོ་ར་ འདེམས་ངོ་སྦེ་ བཙུགས་ནི་གི་ གྲོས་འཆར་ལུ་ ཆ་འཇོག་འབད་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཁོ་རའི་ཕོ་རྒནམ་ ཚོགས་སྡེའི་འཐུས་མི་བགྲེསཔ་ དཱན་བྷ་དུར་ མོང་གར་དེ་ བཅའ་མར་གཏོགས་མི་ལུ་བརྟེན་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ གཞུང་འབྲེལ་ཐོག་ འདེམས་ངོའི་གསལ་བསྒྲགས་འབད་ནི་སྦེ་ ནང་འཁོད་ལུ་ མོས་མཐུན་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་ཡོད་མི་ ཚོགས་པའི་རྒྱབ་སྐྱོར་པ་ ཧ་རི་ པར་དཱན་དང་ ཀེ་ཝ་ཨ་དི་ཀ་རི་༢ ཀྱིས་ ཁོ་འབད་སར་འོང་སྟེ་ ཁོ་རའི་ནུ་གཅུང་དེ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་སྦེ་ འཛུལ་དགོ་པའི་སྐོར་ སླབ་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་དང་འབྲེལ་མེད་ཐོག་ གནས་དགོཔ་ལས་ ཁ་མ་བཟེད་ཟེར་ཨིན་པས།
གྲོས་འཆར་ཅན་གྱི་ འདེམས་ངོའི་ཕོ་རྒནམ་གིས་ ཁོ་གིས་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཚོགས་པའི་གཙོ་འཛིན་དང་ ཕྱད་པའི་སྐབས་ ཁོ་རའི་ནུ་གཅུང་གི་ཚབ་སྦེ་ མི་གཞན་ཅིག་ འདེམས་ངོ་སྦེ་ བཙུགས་ནི་གི་ འཐོར་གཏམ་ཡོད་པའི་སྐོར་ སླབ་པའི་སྐབས་ གཙོ་འཛིན་དེ་གིས་ ནུ་གཅུང་དེ་ གཏན་འཁེལ་ཨིནམ་ལས་ ས་གནས་གཞན་ཁར་ མ་འགྱོ་བར་ སྡོད་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
དེ་འབདཝ་ལས་ སྲིད་དང་འབྲེལ་བ་མེད་པའི་ གཙུག་སྡེ་ནང་ གྲལ་གཏོགས་མེད་པར་ སྡོད་ནིའི་དོན་ལུ་ ང་བཅས་སྤུན་ཆ་ཚུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ ཁོང་རའི་ནུ་གཅུང་ལུ་ རྒྱབ་སྐྱོར་འབད་བར་ གཡུས་ཁ་ལུ་ མ་འགྱོ་ཟེར་ ཕོ་རྒནམ་དེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ངོས་འཛིན་འབད་མི་ འདེམས་ངོ་དེ་གིས་ ཚོགས་པ་ནང་ལས་ དགོངས་ཞུ་འབད་ནི་སྦེ་ སླབ་ཡོད་རུང་ ཚོགས་པའི་འགོ་དཔོན་གྱིས་ བཏང་མ་བཏུབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་དང་ གྲོས་འཆར་ཅན་གྱི་ འདེམས་ངོའི་བར་ན་ རྒྱལ་ཡོངས་བཙག་འཐུ་ མཇུག་མ་བསྡུ་ཚུན་ཚོད་ གསང་བ་སྦེ་ བཞག་ནི་གི་ ཁ་ཚིག་བཟོ་ཡོད་རུང་ བཙག་འཐུའི་སྐུལ་བསྒྲགས་ འགོ་བཙུགས་པའི་ ནམ་དུས་ལུ་ ཚོགས་པ་གིས་ གསང་བ་ཤོར་མི་ལུ་བརྟེན་ ཁོ་རའི་ ཕོ་རྒནམ་གི་ བཙག་འཐུའི་ གྲུབའབྲས་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
མ་གཞི་ ཁོ་གི་ནུ་གཅུང་དེ་ སྲིད་ཚོགས་གཞན་ཚུ་ནང་ འདེམས་ངོ་སྦེ་ འཛུལ་དགོཔ་སྦེ་ སླབ་མི་ཐོན་ཡོད་རུང་ ཧེ་མ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཁ་བཟེད་ནི་དེ་གིས་ ངོས་ལེན་མ་འབད་ཟེར་ བཤད་པའི་ཁར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ ངོས་འཛིན་འབད་མི་ མི་ངོམ་དང་ སྤུན་ཆ་ཚུ་ལུ་ སྙན་ཞུ་ག་ནི་ཡང་ མ་འབད་བར་ ཚོགས་པ་གིས་ ཁུ་སིམ་སི་སྦེ་ འདེམས་ངོ་གཞན་ཅིག་ ངོ་སྤྲོད་འབད་ནུག་ཟེར་ཨིན་པས།
ཨེམ་བི་མོང་གར་གྱིས་ སླབ་མིའི་ནང་ འདེམས་ངོ་སྦེ་ ངོས་འཛིན་འབད་མི་ ཁོ་གི་ནུ་གཅུང་དེ་ སྲིད་ཚོགས་གཞན་ནང་ འཛུལ་ནི་གི་ གོ་སྐབས་འབྱིད་ཡོདཔ་མ་ཚད་ ཚོང་འབྲེལ་འཐབ་མ་ཚུགས་པའི་ཁར་ ཕྱི་རྒྱལ་ལུ་ གནས་ཚང་དང་གཅིག་ཁར་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནི་གི་ གོ་སྐབས་ཚུ་ཡང་ ཐོབ་མ་ཚུགསཔ་ལས་ གྱོང་རྒུད་ཕོག་ཡོད་ཟེར་ཨིན་པས།
ཁོ་གིས་ ཚོགས་པའི་ཞལ་འཛོམས་ མང་རབས་ཅིག་ནང་ བཅའ་མར་གཏོགས་ཡོདཔ་མ་ཚད་ ཟླཝ་རེ་ནང་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ བརྒྱུད་འཕྲིན་བཏང་མི་ལུ་ ཟད་འགྲོ་ལེ་ཤ་གནས་ཅི་ཟེར་ བཤདཔ་ཨིན་པས།
ཚོགས་པའི་ཡོངས་ཁྱབ་མདོ་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ངོ་དེ་ ཚོགས་པའི་འདེམས་ངོ་ གདམ་འཐུའི་བྱ་བའི་གནད་སྤྱོད་དང་འཁྲིལ་ གསལ་བསྒྲགས་འབད་ཡི་ཟེར་ཨིནམ་ད་ གལ་སྲིད་ ཁོ་ལུ་ གོ་སྐབས་བྱིན་ཏེ་ཡོད་པ་ཅིན་ འདེམས་ངོ་གཞན་ཚུ་གི་དོན་ལས་ གོ་སྐབས་མེདཔ་ བཟོ་དཔ་འོང་ཟེར་ བཤདཔ་ཨིན་གནས་པའི་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *