༉ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ རྫོང་ཁག་༢༠ གི་ ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུ་འབད་ནིའི་ལས་རིམ་ནང་ འབྲུག་མི་༤༣༢,༠༣༠ གིས་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མིའི་ཐོ་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ འབྲུག་མི་༤༣༢,༠༣༠ ཚད་ཁྱད་ལྡན་པའི་ཚོགས་རྒྱན་བཙུགས་མི་ཨིནམ་ད་ དེའི་གྲས་ལས་ ཨམ་སྲུ་༢༢༠,༨༨༡ དང་ ཕོ་སྐྱེས་༢༡༡,༡༤༩ འབདཝ་ད་ ཕོ་སྐྱེས་ལས་ ཨམ་སྲུ་༩,༧༣༢ ཀྱིས་ མང་དོ་ཡོདཔ་ཨིན་པས།
ཨིན་རུང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ག་ར་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ཚུགས་མི་ཚུགས་དེ་ སླབ་མི་ཚུགས་ནི་ཨིནམ་ད་ དེ་ཡང་ ལ་ལོ་ཅིག་ རང་སོའི་ལཱ་གི་གནས་སྟངས་དང་ ལ་ལོ་ཅིག་ སྤྲོ་བ་མེད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་པར་ མི་འོང་དོ་ཡོདཔ་ཨིན་པས།
བཙག་འཐུའི་ཐོ་དང་འཁྲིལ་བ་ཅིན་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་བརྒྱ་ཆ་༥༡.༡༣ ཨམ་སྲུ་དང་ བརྒྱ་ཆ་༤༨.༨༧ ཕོ་སྐྱེས་ཨིནམ་ད་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༤༣༢,༠༣༠ ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་མི་༨༨,༩༡༥ ཡོདཔ་ཨིན་པས།
ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་དེ་ མཐོ་ཤོས་ར་ བཀྲིས་སྒང་རྫོང་ཁག་ནང་༤༦,༩༨༣ དང་ དེའི་འོག་ལས་ བསམ་རྩེ་ལུ་༤༦,༧༨༡ ཡོདཔ་ད་ ཉུང་ཤོས་དེ་ར་ བུམ་ཐང་ལུ་༩,༧༥༢ དང་ ཧཱ་ལུ་༧,༦༥༨ དེ་ལས་ མགར་ས་ལུ་འབད་བ་ཅིན་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༢,༠༠༠ ལས་བརྒལ་ མེདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ ངོ་རྐྱང་རེ་རེ་བཞིན་གྱིས་ ཁོ་/མོ་རའི་ ཚོགས་རྒྱན་ས་ཁོངས་སྐོར་ལས་ ཚོགས་རྒྱན་བཙུགས་མིའི་ ཐོ་བཀོད་གནས་རིམ་དང་ བརྡ་དོན་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་དང་ ཡང་ཅིན་ འགྲུལ་འཕྲིན་ལག་ལེན་ཐོག་ལས་ཡང་ བརྟག་ཞིབ་འབད་ཚུགས་ཟེར་ཨིན་པས།
བཙག་འཐུའི་ཐོ་ཡིག་མཐའ་དཔྱད་དེ་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་དང་ ཡང་ཅིན་ ངོས་ལེན་འགོ་དཔོན་ཡིག་ཚང་ ཡང་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལྟེ་བ་ཚུ་ནང་ བལྟ་ཚུགས་ནི་ཨིན་པས།
ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མིའི་གྲངས་སུ་ དུས་ཅི་ སྤྱི་ཟླ་༡ པའི་ནང་ སྐྱེས་ལོ་༡༨ ལང་མི་ ཡན་ཆད་ཚུ་ཨིནམ་ད་ དེའི་ཤུལ་ལས་ སྐྱེས་མི་འབད་བ་ཅིན་ སྐྱེས་ལོ་༡༨ ལང་པའི་གྲངས་སུ་ མི་ཚུད་ནི་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ ངོས་འཛིན་འདྲ་པར་ཚུ་ འཕྲོ་མཐུད་དེ་ར་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ མ་ཐོབ་མི་ཚུ་གིས་ ལེན་དགོ་ཟེར་ཨིནམ་ད་ བཀྲམ་སྤེལ་དེ་ ཚོགས་རྒྱན་གྱི་ཉིནམ་ཚུན་ འབད་ནི་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དང་འཁྲིལ་བ་ཅིན་ དུས་ཅི་ ཚད་ཁྱད་ལྡན་པའི་ཚོགས་རྒྱན་བཙུགས་མི་༥༢,༢༡༡ ཡར་སེང་སོང་ཡོདཔ་ད་ དེ་བསྒང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༣༧༩,༨༡༩ ལས་བརྒལ་མེདཔ་ཨིན་པས།
ཡོངས་བསྡོམས་༥༢,༢༡༡ ལས་ ཕོ་སྐྱེས་༢༤,༡༢༩ དང་ ཨམ་སྲུ་༢༨,༠༨༢ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་སྐབས་ལུ་འབད་བ་ཅིན་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༣༡༢,༨༡༧ ལས་བརྒལ་ མེདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།