འདས་པའི་ཟླཝ་༦ ནང་ མི་༣༣ ལུ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་ཡོདཔ།

སྤྱི་ལོ་༡༩༩༣ ལུ་ རྒྱལ་ཁབ་ནང་ ནད་འབུབ་ཐོབ་མི་ འགོ་དང་པ་ ངོས་འཛིན་བྱུང་ཞིནམ་ལས་ཚུར་ ནད་གཞི་ཐོབ་མིའི་ གྱངས་ཁ་༥༤༨ ལུ་ཡར་སེང་སོང་ནུག།

༉ གསོ་བའི་བརྡ་དོན་དང་ ཞབས་ཏོག་ཡོངས་འབྲེལ་ནང་ བཀོད་མི་དང་འཁྲིལཝ་ད་ འདས་པའི་ཟླཝ་༦ གི་ ནང་འཁོད་ལུ་ མི་གྲངས་༣༣ ལུ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་ཡོད་པའི་ ངོས་འཛིན་བྱུངམ་ལས་ ད་རེས་ རྒྱལ་ཁབ་ནང་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་༥༤༨ ལུ་ ལྷོད་དེ་ཡོདཔ་ཨིན་པས།
བརྡ་དོན་དེ་ཡང་ མི་སྡེའི་བརྡ་བརྒྱུད་ ཕེསི་བུག་ནང་ སྤྱི་ཟླ་༨ པའི་ཚེས་༢༢ ལུ་ བཙུགས་ཏེ་ཡོདཔ་ད་ ནད་འབུབ་ཐོབ་མི་ ནདཔ་གསརཔ་ཚུ་ཡང་ སྐྱེས་ལོ་༡༥ དང་༤༩ གི་བར་ན་འབད་མི་ཚུ་ཨིན་པས་ཟེར་བཀོད་ནུག།
ནད་ཐོབ་མི་ཚུ་ཡང་ བརྒྱ་ཆ་༨༧ དེ་ སྐྱེས་ལོ་༡༥-༤༩ འབད་མི་ཚུ་ཨིནམ་ད་ མི་༡༧༦ དེ་ སྐྱེས་ལོ་༣༠-༣༩ འབད་མི་དང་ མི་༡༣༣ སྐྱེས་ལོ་༢༥-༢༩ དེ་ལས་ མི་༧༩ སྐྱེས་ལོ་༢༠-༢༤ འབད་མི་ཚུ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པ་ཚུན་ཚོད་ ཕོ་སྐྱེས་༢༨༤ དང་ ཨམ་སྲུ་༢༦༤ གིས་ ནད་གཞི་ཐོབ་ཡོདཔ་སྦེ་ ཐོ་བཀོད་འབད་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༦ པ་དང་༡༡ པའི་བར་ན་ མི་༢༣ གྱིས་ ནད་འབུབ་ཐོབ་པའི་སྐབས་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་༥༡༥ ལུ་ལྷོད་ནུག།


དུས་ཅིའི་གནས་སྡུད་དང་འཁྲིལཝ་ད་ ནང་གི་ཨམ་༡༡༢ ཀྱིས་ ཨེཆ་ཨའེ་བི་ཐོབ་ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ སོ་ནམ་པ་༡༠༧ དང་ ཚོང་པ་༡༠༧ དེ་ལས་ དེད་གཡོགཔ་༥༠ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལོ་ན་མ་སྨིན་མི་༣༥ དང་ ཆོས་སྒོར་ཞུགས་མི་༡༡ དམག་སྡེ་ལས་༣༦ སློབ་ཕྲུག་དང་ སྦྱོང་བརྡར་པ་༨ དེ་ལས་ བཙོན་པ་༣ ལུ་ ནད་གཞི་ཐོབ་སྟེ་འདུག་ཟེར་ གནས་སྡུད་ནང་བཀོད་ནུག།
དེ་མ་ཚད་ ཞི་གཡོགཔ་༢༩ དང་ ལས་འཛིན་དང་ སྒེར་སྡེའི་ལས་བྱེདཔ་༢༨ དེ་ལས་ སྨད་ཚོང་གི་ ལཱ་འབད་མི་༡༢ ལུ་ ནད་གཞི་ཐོབ་སྟེ་ཡོདཔ་ཨིན་པས།
ནད་གཞི་དེ་ཡང་ ནད་བརྟག་དཔྱད་འབད་བའི་སྐབས་ མི་༡༦༢ ལུ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་པའི་ཁར་ མི་༡༡༩ ཁས་བླངས་ཐོག་ལས་ བརྟག་དཔྱད་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ ཨེཆ་ཨའེ་བི་ནད་འབུབ་དེ་ མི་༥༠༦ ལུ་ ལུས་འབྲེལ་ལུ་བརྟེན་ ཐོབ་ཡོདཔ་ད་ ཨ་ལོ་༣༥ ཨའི་ལས་བརྒྱུད་དེ་ ཐོབ་ཡོད་པའི་ཁར་ མི་༣ ལུ་ སྨྱོ་རྫས་ཁབ་ལག་ལེན་འཐབ་པའི་སྐབས་ ཐོབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *