འདས་པའི་གཞུང་གིས་ སྐྱེལ་འདྲེན་དང་ ཡོངས་འབྲེལ་ཞབས་ཏོག་ནང་ ཁས་བླངས་དུམ་གྲ་རེ་གྲུབ་ཡོདཔ།

༉ འདས་པའི་གཞུང་གིས་ གནམ་གྲུ་ཐང་གི་ རྟེན་གཞི་ཡར་རྒྱས་གཏང་ནི་དང་ མི་མང་སྐྱེལ་འདྲེན་ཞབས་ཏོག་ ལེགས་བཅོས་འབད་ནི་ དེ་ལས་ ཡོངས་འབྲེལ་ཞབས་ཏོག་བྱིན་ནིའི་ ཁས་བླངས་འབད་མི་ཚུ་ དུམ་གྲ་ཅིག་ལས་བརྒལ་ གྲུབ་མ་ཚུགསཔ་ཨིན་པས།
འདས་པའི་གཞུང་གིས་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་དང་ ནང་འཁོད་གནམ་གྲུ་ཐང་ཚུ་ནང་ ཉེན་སྲུང་གི་གནས་ཚད་ ཡར་དྲག་བཟོ་ནི་དང་ རྟེན་གཞི་རྒྱ་སྐྱེད་འབད་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།
ཧེ་མ་ ཁས་བླངས་འབད་བའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་སྤྱི་གནམ་གྲུ་ཐང་ ཐེབས་གཅིག་གཞི་བཙུགས་འབད་ནིའི་ནང་ འོས་འབབ་ཚུ་བལྟ་འོང་ཟེར་ སླབ་ཡོདཔ་ཨིན་རུང་ འདས་པའི་ལོ་༥ འི་ནང་ རྒྱལ་སྤྱི་གནམ་གྲུ་ཐང་ གཞི་བཙུགས་འབད་མ་ཚུགསཔ་ཨིན་པས།
བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁམས་ཀྱི་སྙན་ཞུ་ནང་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཆུང་ཀུ་འདི་ནང་ བློ་གཏད་དང་ འཇོན་སྟངས་ཅན་གྱི་ གནམ་གྲུའི་ཞབས་ཏོག་དགོཔ་ཁག་ཆེ་བའི་ཁར་ དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ ཆ་ཤས་གཙོ་བོ་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན།
ལྟ་བཤལ་ལས་སྡེ་དེ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡར་རྒྱས་གཏང་ནིའི་གྲོགས་རམ་འབད་མི་ གཙོ་བོ་ཅིག་ ཨིནམ་ད་ ལྟ་བཤལ་ལས་སྡེ་དེ་ གནམ་གྲུའི་ཞབས་ཏོག་ལུ་ བརྟེན་དགོཔ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ གཞུང་གི་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ རྒྱ་སྐྱེད་བཏང་མི་དང་ ལེགས་བཅོས་འབད་ནི་ལུ་ ངོས་འཛིན་འབད་མི་དང་ སྤྱི་ལོ་༢༠༡༢ ལུ་ འགྲུལ་པ་༡༨༢,༠༠༠ ལས་ སྤྱི་ལོ་༢༠༡༧ ལུ་ འགྲུལ་པ་༣༡༤,༠༠༠ སྐྱེལ་འདྲེན་འབད་མི་དེ་གིས་ འགྲུལ་པའི་གྱངས་ཁ་ ལོག་བལྟབ་ཀྱིས་ ཡར་སེང་སོང་ཡི་ཟེར་ཨིན་པས།
དེ་གིས་སྦེ་ གནམ་གྲུའི་ཞབས་ཏོག་ མགྱོགས་པར་འཐོབ་ཚུགས་ནིའི་དོན་ལུ་ གཞུང་གི་ འབྲུག་མཁའ་འགྲུལ་ལུ་ གནམ་གྲུ་ཐེབས་ཉོ་ནིའི་ རྒྱབ་སྐྱོར་འབད་ཡོད་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཡོན་ཕུ་ལ་དང་ བུམ་ཐང་ དེ་ལས་ དགེ་ལེགས་ཕུག་༣ གྱི་ ནང་འཁོད་གནམ་གྲུ་ཐང་ཚུ་ཡང་ ལེགས་བཅོས་འབད་མི་དེ་གིས་ ནང་འཁོད་གནམ་གྲུའི་ ཞབས་ཏོག་ལེན་མའི་གྱངས་ཁ་དེ་ སྤྱི་ལོ་༢༠༡༢ ལུ་༩༧༠ འབད་ས་ལས་ སྤྱི་ལོ་༢༠༡༧ ནང་༡༢,༠༠༠ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཨིན་རུང་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་དེ་ ན་ཧིང་ ལོ་ཕྱེད་དེ་ཅིག་ཁར་ བསྒྲུབས་ཡོདཔ་ཨིན་རུང་ ན་ཧིང་ལོ་མཇུག་ཚུན་ཚོད་ ལག་ལེན་འཐབ་མ་ཚུགསཔ་ཨིན་པས།
གཞུང་གིས་ སྤྱི་ཟླ་༡༠ པའི་ནང་ འབྲུག་མཁའ་འགྲུལ་ལུ་ གོང་ཚད་ཕབ་ཆག་ཐོག གནམ་གྲུ་རེ་ལུ་ དངུལ་ཀྲམ་ས་ཡ་༠.༣༦ རེ་ དང་ དགེ་ལེགས་ཕུག་དང་ ཡོན་ཕུ་ལ་ལུ་ ཡིག་ཚང་གཞི་བཙུགས་འབད་ནིའི་དོན་ལུ་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༧.༦ བྱིན་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
གོང་ཚད་ཕབ་ཆག་དེ་ སྤ་རོ་ལས་ དགེ་ལེགས་ཕུག་དང་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་ ཡོན་ཕུག་ལ་ལས་ དགེ་ལེགས་ཕུག་དང་ དགེ་ལེག་ཕུག་ལས་སྤ་རོའི་ འགྲུལ་ལམ་ཚུ་ ཚུདཔ་ཨིན་པས།
ཨིན་རུང་ གནམ་གཤིས་དང་འཕྲུལ་རིག་གི་ སྟབས་མ་བདེ་བའི་གནད་དོན་ཐོན་མི་ལུ་བརྟེན་ གནམ་གྲུའི་འཕུར་འགྲུལ་ ཕར་འཕུལ་དང་ ཆ་མེད་གཏང་དགོཔ་ ཐོན་ཡོདཔ་ཨིན་པས།
བཀྲིས་སྒང་ལུ་ ཞི་གཡོགཔ་ཅིག་ཨིན་མི་ ཀརྨ་བཀྲིས་ཀྱིས་ སླབ་མིའི་ནང་ གནམ་གྲུ་འཕུར་འགྲུལ་ ཆ་མེད་འགྱོ་མི་དེ་གིས་ ཐིམ་ཕུག་ལུ་ ཞལ་འཛོམས་ཁག་ཆེ་དྲགས་ཅིག་ནང བཅའ་མར་གཏོགས་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་གྲུའི་ཞབས་ཏོག་དེ་ལུ་ བློ་གཏད་ཚུགས་པའི་མནོ་བསམ་བཏང་རུང་ བརྡ་སྐུལ་འབད་ནི་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ རྐྱངམ་གཅིག་ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་སྡེའི་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ མི་ཚུ་གི་ དུས་ཡུན་ཐུང་ཀུ་འགོར་མི་དང་ ཉེན་སྲུང་ལུ་ལྟ་སྟེ་ གནམ་གྲུའི་ཞབས་ཏོག་ གདམ་ཁ་རྐྱབ་དོ་ཡོད་རུང་ དེ་བཟུམ་སྦེ་ འཕུར་འགྲུལ་ཆ་མེད་བཏང་པ་ཅིན་ བློ་གཏད་མི་ཚུགས་པས་ཟེར་ཨིན་པས།
གཞུང་གི་ མི་མང་སྐྱེལ་འདྲེན་ནང་ མི་རྒས་ཤོས་དང་ ཨ་ལོ་སྐྱེ་ནི་ཡོད་པའི་ཨམ་སྲུ་ དེ་ལས་ ཨ་ལོ་འབག་ནི་ཡོད་པའི་ཨམ་སྲུ་དང་ དམིགས་བསལ་དུ་དགོ་པའི་ མི་ཚུའི་དོན་ལུ་ སྡོད་ཁྲི་ལོགས་སུ་བཀོད་ནིའི་ ཁས་བླངས་དེ་གྲུབ་ཡོད་རུང་ མཐའ་འཁོར་གནས་སྟངས་དང་མཐུན་པའི་ འགྲུལ་འཁོར་བཱསི་དང་ གླ་འཁོར་རྒྱ་སྐྱེད་གཏང་ནི་དེ་ འབད་མ་ཚུགསཔ་ཨིན་པས།
ཁས་བླངས་ནང་ གླ་འཁོར་ཚུ་བརྩིས་ཏེ་ མཐའ་འཁོར་ལུ་མ་གནོད་པའི་ སྣུམ་འཁོར་ནང་འདྲེན་འབད་ནིའི་ནང་ ཁྲལ་གྱི་ དགོངས་ཡངས་གནང་ནི་དང་ གླ་འཁོར་ཞབས་ཏོག་བྱིན་ནིའི་དོན་ལུ་ ཚོང་འབྲེལ་ལག་ཁྱེར་བྱིན་འོང་ཟེར་ འཁོད་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ དེ་བཟུམ་གྱི་ གླ་འཁོར་ཞབས་ཏོག་ཚོང་འབྲེལ་ལག་ཁྱེར་ འགོ་རང་མ་བཙུགསཔ་ཨིན་པས།
འཆར་གཞི་༡༡ པའི་ མཐའ་དཔྱད་སྙན་ཞུ་ནང་ ཁྲོམ་སྡེ་༣ ནང་ ཁྲོམ་སྡེའི་འགྲུལ་འཁོར་༥༡ ཡོད་མི་ཚུ་ཡང་ ཐིམ་ཕུག་ལུ་ བཱསི་༤༦ དང་ ཕུན་ཚོགས་གླིང་ལུ་བཱསི་༣ དེ་ལས་ བསམ་གྲུབ་རྫོང་མཁར་ལུ་བཱསི་༢ ཡོད་མི་ཚུ་ཨིན་པས།
གཞུང་གིས་ གློག་རིག་ཡོངས་འབྲེལ་དང་ བརྒྱུད་འཕྲིན་རྟེན་གཞི་ཚུ་ རྒྱ་སྐྱེད་འབད་ནི་ དེ་ལས་ གློག་བརྙན་ཁང་རྐྱབ་ནི་དང་ ཁྱད་རིག་ཅན་གྱི་ སྤྲོ་བའི་ལས་སྡེ་ནང་ རྒྱབ་སྐྱོར་འབད་ནི་དང་ རྒྱལ་ཡོངས་གློག་བརྙན་སྲིད་བྱུས་ ཟིན་བྲིས་བཏབ་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
འཆར་གཞི་༡༡ པའི་ སྙན་ཞུ་དང་འཁྲིཝ་ད་ གཞུང་གི་ འབྲུག་གློག་བརྙན་ཚོགས་པ་ལུ་ གློག་བརྙན་དུས་སྟོན་ནང་ རྟགས་མ་བྱིན་དེ་ གློག་བརྙན་ལས་སྡེ་ ཡར་རྒྱས་དང་རྒྱ་སྐྱེད་གཏང་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༣ བྱིན་དོ་ཡོདཔ་ཨིན་པས།
སྙན་ཞུ་ནང་ལུ་ འབྲུག་པའི་གྲོང་གསེབ་བརྒྱ་ཆ་༩༤ ནང་ལས་ཕར་ འགྲུལ་འཕྲིན་གྱི་ རྒྱུན་ལམ་ཡོདཔ་སྦེ་ཨིན་པས།
གློག་བརྙན་གྱི་ སྲིད་བྱུས་དེ་ གནང་བ་གྲུབ་ཡོདཔ་ཨིན་རུང་ གྲོགས་རམ་དངུལ་ཀྲམ་ས་ཡ་༣ དེ་ རྟགས་མ་བྱིན་ནིའི་ གདམ་འཐུ་ནང་ སྟབས་མ་བདེ་བའི་གནད་དོན་ལུ་བརྟེན་ གནད་དོན་དེ་ ངན་ལྷད་བཀག་ལྡོམ་ལྷན་ཚོགས་ནང་ ལྷོད་དེ་ཡོདཔ་ཨིན་པས།
སྙན་ཞུ་དེ་ནང་ སྤྱི་ལོ་༢༠༡༣ ལས་༢༠༡༧ ཚུན་ གཡུས་ཚན་༡༢༦ ལུ་ འགྲུལ་འཕྲིན་གྱི་ཞབས་ཏོག་ མཐུད་སྦྲེལ་འབད་ཡོདཔ་དང་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ གཡུས་ཚན་༦༤ ལུ་ འགྲུལ་འཕྲིན་ཞབས་ཏོག་ མཐུད་སྦྲེལ་འབད་དེ་ རྒྱལ་ཁབ་ནང་ འགྲུལ་འཕྲིན་ཞབས་ཏོགས་ཀྱི་ཁྱབ་ཚད་ ཧ་ལམ་བརྒྱ་ཆ་ལས་༡༠༠ འགྲུབ་ནི་ཨིན་པས།
སྤྱི་ཟླ་༦ པའི་ནང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ལས་ གནང་བའི་གནས་ཚུལ་གསར་བཏོན་ནང་ ཐིམ་ཕུག་རྫོང་ཁག་ འོག་གི་ སྲོས་དང་ནཱ་རོརྒེད་འོག་༢ ནང་ གློག་རིག་ཡོངས་འབྲེལ་ཞབས་ཏོག་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ བརྒྱུད་ལམ་༡ པ་དང་༢ མཐུད་སྦྲེལ་འབད་ཚར་བའི་བསྒང་ལས་ རྒེད་འོག་ཆ་མཉམ་ནང་ གློག་རིག་ཡོངས་འབྲེལ་ མཐུད་སྦྲེལ་འབད་ཚརཝ་སྦེ་ཨིན་པས།
ན་ཧིང་ ལོ་འགོ་བཙུགས་ཁམས་ཅིག་ལུ་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱི་ བརྟག་ཞིབ་འབད་མིའི་ནང་ འགྲུལ་འཕྲིན་ཞབས་ཏོག་བྱིན་མི་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་༢ གྱི་ ཞབས་ཏོག་གི་སྤུས་ཚད་དེ་ ངལ་རངས་ཏོག་ཏོ་མེདཔ་སྦེ་ཐོན་ཡོདཔ་ཨིན་པས།
དུས་རྒྱུན་དུ་ བརྒྱུད་འཕྲིན་དང་ ཡོངས་འབྲེལ་ཞབས་ཏོག་ གཏན་གཏན་མེད་མི་དེ་གིས་ ལག་ལེན་འཐབ་མི་ནང་ལས་ ལྷག་པར་དུ་ འབྲུག་བརྒྱུད་འཕྲིན་ལག་ལེན་འཐབ་མི་ཚུ་ དབུགས་འགམས་བཅུག་ཡོདཔ་ཨིན་པས།
འབྲུག་བརྒྱུད་འཕྲིན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཞབས་ཏོག་ལེགས་ཤོམ་མེད་མི་ གཙོ་བོ་ར་ ཡོངས་འབྲེལ་ལག་ལེན་འཐབ་མིའི་ གྱངས་ཁ་མངམ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཡོངས་འབྲེལ་ལག་ལེན་འཐབ་མི་མངམ་ཡོད་མི་དེ་ཡང་ འབྲུག་བརྒྱུད་འཕྲིན་གྱི་ ཁྱབ་ཚད་སྦོམ་ཡོད་མི་དང་ ཞབས་ཏོག་ལག་ལེན་གྱི་ ཟད་འགྲོ་གཏང་ཚུགསཔ་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
གཞུང་གི་ མི་མང་ཞབས་ཏོག་བྱིན་ནིའི་ནང་ བདག་སྐྱོང་གི་ཟད་འགྲོ་ མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ ཡོངས་འབྲེལ་ཞབས་ཏོག་༡༢༣ དང་ འགྲུལ་འཕྲིན་གྱི་རིམ་ལུགས་༡༥ འགོ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *