༉ མི་སེར་དམངས་གཙོ་ཚོགས་པའི་ གཞུང་གི་གནས་ཡུན་སྐབས་ རྒྱལ་ཁབ་ཀྱི་ ས་གནས་ཁག་ལས་ཕར་ མཆོད་རྟེན་ཉམས་གསོ་ཞུ་མི་དང་ རྫོང་གཞི་དག་པ་ཅིག་ བཞེངས་ཡོད་མི་ཚུ་ གྲུབ་འབྲས་སྦོམ་ཤོས་ཅིག་ ཨིན་པས།
ཨིན་རུང་ འདས་པའི་གཞུང་གིས་ རྫོང་ཁ་གློག་རིག་ཡོངས་འབྲེལ་དང་ མཐུན་ཏོག་ཏོ་བཟོ་ནི་དང་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ནང་ལས་ཕར་ ཁ་སྐད་ཉམས་འགྱོ་མི་ཚུ་ རྩ་གཞུང་ཆོས་ཚན་ནང་ བཙུགས་ནིའི་ཁས་བླངས་ཚུ་ གྲུབ་མ་ཚུགསཔ་ཨིན་པས།
གཞུང་གིས་ བཀྲིས་སྒང་དང་ མགར་ས་རྫོང་ ལྷུན་རྩེ་ སྤ་རོ་ལྟག་རྫོང་ དེ་ལས་ བཀྲིས་གཡང་རྩེ་རྫོང་ཚུ་ ཉམས་གསོ་ཞུ་ཚར་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་རྫོང་དང་ སྤ་རོ་འབྲུག་རྒྱལ་རྫོང་ གསར་བཞེངས་ཀྱི་ལཱ་ཚུ་ ད་ལྟོ་ འབད་བའི་བསྒང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དགེ་སློང་དང་ ཨ་ནེམ་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི་དོན་ལུ་ ཨ་ནེམ་གི་གྲྭ་ཚང་དང་ གྲྭ་ཤག་ཚུ་ གསར་བཞེངས་འབད་ཡོདཔ་ཨིན་པས།
རྒྱལ་ཁམས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ གཞུང་གི་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་ཁང་དེ་ མཐོ་རིམ་སློབ་གྲྭ་ལུ་ ཡར་སེང་འབད་ནི་སྦེ་ཡོདཔ་ད་ དེའི་དོན་ལུ་ རྩ་གཞུང་ཚུ་ བརྩམས་ཚར་ཡོདཔ་བཞིན་དུ་ མཐོ་རིམ་སློབ་གྲྭ་རྐྱབ་ནིའི་ ས་གོ་འཚོལ་དོ་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་རྐྱབ་ནིའི་ལཱ་དེ་ འཆར་གཞི་༡༢ པའི་ནང་ འགོ་བཙུགས་ནི་སྦེ་ ཡོདཔ་ཨིན་པས།
གཞུང་གིས་ ཤེས་རིག་གཙུག་སྡེ་ག་རའི་ནང་ རིན་མེད་སྟོང་པར་ འཐོབ་ཚུགས་པའི་ ལམ་སྲོལ་དང་སྲོལ་ཁྱུན་གྱི་ གནས་སྡུད་ཚུ་ཡོད་པའི་ གློག་རིག་ཡོངས་འབྲེལ་ཐོག་ རྒྱལ་གཞུང་དཔེ་མཛོད་གཞི་བཙུགས་འབད་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ གི་ཟླཝ་༩ པའི་ནང་ འདས་པའི་གཞུང་གིས་ རྒྱལ་གཞུང་གཙུག་ལག་སློབ་སྡེ་འོག་གི་ མཐོ་རིམ་སློབ་གྲྭ་༥ གསོ་བའི་མཐོ་རིམ་སློབ་གྲྭ་༢ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ དེ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༢༡ ནང་ ཡོངས་འབྲེལ་དཔེ་མཛོད་ འགོ་བཙུགས་ཡོདཔ་ཨིན་པས།
ཡོངས་འབྲེལ་དཔེ་མཛོད་ནང་ དཔེ་དེབ་དང་ ལྷག་ནིའི་མཐུན་རྐྱེན་ དེ་ལས་ གཞན་རྩ་གཞུང་དང་འབྲེལ་བའི་ མཐུན་རྐྱེན་ ཚུ་ཡོདཔ་ཨིན་པས།
གཞུང་གི་ ངག་རྒྱུན་སྔར་སྲོལ་ཚུ་ ཡིག་སྣོད་ནང་བཟོ་ནིའི་ ཁས་བླངས་འབད་ཡོད་མི་དེ་ ལུས་ཡོདཔ་ཨིན་རུང་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གིས་ ངག་རྒྱུན་སྔར་སྲོལ་ཚུ་ ཡིག་སྣོད་བཟོ་ནིའི་ ལཱ་འབད་དོ་ཡོདཔ་ཨིན་པས།
སྲོལ་འཛིན་ལས་ཁུངས་གྱི་ སྔར་སྲོལ་ཐོག་ གྱང་ཁྱིམ་རྐྱབ་སྲོལ་ཡོད་མི་དེ་ མི་ཉམས་རྒྱུན་སྐྱོང་འབད་ནི་དང་ ལམ་སྲོལ་དང་འབྲེལ་བའི་ མཛེས་བཀོད་འཛིན་སྐྱོང་འཐབ་ནི་ དེ་ལས་ ལམ་སྲོལ་རྙིང་ཤུལ་གྱི་ ས་གནས་ཡར་རྒྱས་གཏང་ནིའི་ ལམ་སྟོན་ཅིག་ ཟིན་བྲིས་བཏབ་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉིམ་རྡོ་རྗེ།