༉ མ་གཞི་ ཆུ་ཁ་དང་ འདམ་ཆུ་བར་ནའི་ ཕྲང་ལམ་དེ་ མཐུད་སྦྲེལ་འབད་ཡོད་རུང་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནི་དེ་ སྤྱི་ལོ་༢༠༡༨ ལས་བརྒལ་ འབད་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།
དེ་ཡང་ ཌཱན་ཊག་ལས་འགུལ་གྱིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཞབས་ཏོག་ལྷན་ཁག་ལུ་ ལཱ་གི་གྲུབ་འབྲས་སྙན་ཞུ་ ཕུལ་མི་དང་འཁྲིལཝ་ད་ ཕྲང་ལམ་གུ་ལས་ ཟམ་༣ རྐྱབ་དགོཔ་ཡོད་མི་ལས་ ད་ལྟོ་ སི་རུ་པ་ཆུའི་ཟམ་རྐྱངམ་གཅིག་ རྐྱབ་ཚར་ཡོདཔ་ཨིན་པས།
བྱང་ཏ་ལུངམ་ཆུའི་ ཟམ་རྐྱབ་ནིའི་ལཱ་དེ་ བརྒྱ་ཆ་༧༣ དང་ རྟ་ནག་ལུངམ་ཆུའི་ ཟམ་གྱི་ལཱ་དེ་ བརྒྱ་ཆ་༣༩.༧༠ ལས་བརྒལ་ རྐྱབ་མ་ཚར་བར་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ནུག།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ གསུངས་མིའི་ནང་ ལས་འགུལ་དེ་གིས་ ལམ་གྱི་གཞི་རྟེན་སེལ་ནིའི་ལཱ་ཚུ་མཇུག་བསྡུ་སྟེ་ ཆུ་ཁའི་ཐེག་ཆོག་ཟམ་ ལྟག་ལུ་ཡོད་པའི་ ཀི་ལོ་མི་ཊར་༡ འབད་མི་ བྱག་གཟར་དྲགས་གུ་ ཐོགས་ལུས་ཡོད་མི་ཡང་ མཐུད་སྦྲེལ་འབད་དེ་ ད་རེས་ ལམ་སེལ་འཕྲུལ་ཆས་ཚུ་ འགྱོ་ཚུགསཔ་ཅིག་ བཟོ་ནུག་ཟེར་ཨིན་པས།
ད་རེས་ བྱག་གཟར་དྲགས་ཡོད་མི་ལུ་བརྟེན་ གཞུང་ལམ་ལས་ མཐོ་དྲགས་སྦེ་ཡོདཔ་ལས་ འདྲན་འདྲ་བཟོ་ནིའི་ལཱ་ཚུ་འབད་བའི་བསྒང་འདུག་ཟེར་ཨིནམ་ད་ ཕྲང་ལམ་སེལ་ནི་དང་ རྒྱ་བསྐྱེད་འབད་ནི་ དེ་ལས་ རྩི་ནག་གཏང་ནི་ལ་སོགས་པའི་ལཱ་ཚུ་ དུས་ཅི་ མཇུག་བསྡུ་རུང་ ཟམ་༢ བསྒྲུབ་ནི་ལུ་ སང་ཕོད་ སྤྱི་ཟླ་༩ པ་ཚུན་ འགོར་ནི་བཟུམ་འདུག་ཟེར་ ཞབས་ཏོག་བློན་པོ་གིས་ གསུངསམ་ཨིན་པས།
དེ་འབདཝ་ལས་ ལས་འགུལ་དེ་གིས་ ཕྲང་ལམ་དེ་ ནམ་མཇུག་བསྡུ་ཚུགས་ནི་ཨིན་ན་ ད་ལྟོ་ ཞབས་ཏོག་ལྷན་ཁག་གིས་ ག་ནི་ཡང་ སླབ་མི་ཤེས་པས་ཟེར་ བློན་པོ་གིས་ གསུངས་ཡི།
ཕྲང་ལམ་གྱི་ གྲུབ་འབྲས་སྙན་ཞུ་ནང་ ལམ་གྱི་གཞི་རྟེན་སེལ་ནིའི་ལཱ་ བརྒྱ་ཆ་༡༠༥.༥༡ དང་ རྩི་ནག་གཏང་ནིའི་ལཱ་ བརྒྱ་ཆ་༩༠.༣༠ མཇུག་བསྡུ་སྟེ་ཡོད་ཟེར་བཀོད་ནུག།
ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢ ལུ་ བློན་ཆེན་མཆོག་ བསམ་རྩེ་ལུ་ རྒེད་འོག་ལྟ་སྐོར་ནང་ བྱོན་པའི་ཞོར་ཁ་ ཆུ་ཁ་གློག་མེ་འཕྲུལ་ཁང་གི་ ཆུ་བྱག་ལས་ ཆུ་ཁའི་ཐེག་ཆོག་ཟམ་ཚུན་ ཞབས་སྟོང་བྱོན་ཐོག་ལས་ གཟིགས་ཞིབ་གནངམ་ད་ ཌཱན་ཊག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ཕྲང་ལམ་ཀི་ལོ་མི་ཊར་༢༩.༢ འབད་མི་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ འགོ་འབྱེད་འབད་ཚུགས་ཟེར་ ཁས་བླངས་འབད་མི་དེ་ གྲུབ་མ་ཚུགས་པས།
འདམ་ཆུ་དང་ ཆུ་ཁའི་བར་ན་ ཕྲང་ལམ་སེལ་ནིའི་ལཱ་དེ་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་སྟེ་ སྤྱི་ལོ་༢༠༡༣ ལུ་ མཇུག་བསྡུ་དགོཔ་ཨིན་རུང་ ཤུལ་ལས་ ཌཱན་ཊག་ལས་འགུལ་གྱིས་ ལམ་སེལ་ལས་ཁུངས་ལུ་ སྤྱི་ལོ་༢༠༡༥ ལུ་ མཇུག་བསྡུ་ནི་ཨིན་ཟེར་ ཡི་གུ་ཅིག་བཏང་ཡོདཔ་ཨིན་པས།
ད་རུང་ ལས་འགུལ་དེ་གིས་ ལམ་སེལ་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་དང་ ཟམ་རྐྱབ་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༧ གྱི་ ལོ་མཇུག་ཁམས་ཅིག་ཁར་ མཇུག་བསྡུ་ནི་སྦེ་ སླབ་ཡོད་རུང་ གྲུབ་འབྲས་སྙན་ཞུ་ལུ་ བལྟ་བ་ཅིན་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ་ད་ ལས་འགུལ་དེ་གིས་ ཕྲང་ལམ་མཇུག་བསྡུ་ནི་ལུ་ དུས་ཡུན་ཚར་ལེ་ཤ་ར་ ཡར་སེང་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ལམ་སེལ་ནིའི་ལཱ་ ནམ་མཇུག་བསྡུ་ཚུགས་ནི་ཨིན་ནའི་སྐོར་ ལས་འགུལ་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ད་ ག་ནི་ཡང་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།