འཐུས་ཤོར་བྱུང་མི་ཚུ་ལུ་ གདོང་ལེན་འབད་ནི་གི་ ཐབས་ལམ་ལེ་ཤ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ དྲུང་པ་ཅིག་གིས་ ཁོ་རའི་ དེད་གཡོགཔ་ལུ་ བརྡུང་རྫོབ་འབད་མི་དེ་གིས་ ཞི་གཡོག་པའི་ ཀུན་སྤྱོད་རྣམ་གཞག་ལས་ འགལ་ཡོདཔ་མ་ཚད་ འགོ་དཔོན་དང་ ལས་བྱེདཔ་གི་བར་ན་ མཉམ་འབྲེལ་དང་ མོས་མཐུན་མེད་པའི་ དཀའ་ངལ་ཚུ་ གསལ་སྟོན་འབདཝ་མས།
དེ་ཡང་ དྲུང་པ་དང་ དེད་གཡོགཔ་གི་བར་ན་ སྟབས་མ་བདེཝ་ བྱུང་མི་དེ་ཡང་ དེད་གཡོགཔ་དེ་གིས་ ཁོ་རའི་ འགོ་དཔོན་གྱིས་འབོཝ་ད་ དེད་གཡོགཔ་གཞན་དང་ བློ་སླབ་སྡོདཔ་ལས་ དྲུང་པ་འབད་སར་ དེ་འཕྲོ་ལས་ འགྱོ་མ་ཚུགས་མི་ལུ་བརྟེན་ བྱུང་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
དེད་གཡོགཔ་གིས་ ཁ་ཉེས་བཀལ་མི་དང་འཁྲིལཝ་ད་ དྲུང་པ་གིས་ ཁོ༌ལུ༌ ལྡན༌ལྕག༌བླུགས་བྱིན་ཡོདཔ་མ༌ཚད༌ རྣམ༌ཅོ༌ འཐེན༌བྱིན༌ཡི༌ཟེར༌ཨིནམ༌ད༌ དྲུང་པ་གིས་འབད་བ་ཅིན་ དེད་གཡོགཔ་གི་ འབད་བཞག་ལུ་བརྟེན་ རྣམ་ཅོ་འཐེན་བྱིན་ཡི་ཟེར་ཨིན་མས།
དྲུང་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེད༌གཡོགཔ༌དེ༌ མང༌ཤོས༌ར༌ ཡིག༌ཚང༌གི༌ དུས༌ཚོད༌ཁར༌ འོང་ནི་མེདཔ་མ་ཚད་ འོང་རུང་ འཕྲལ༌འཕྲལ༌ར་ ཆང༌འགྲངས༌ཏེ༌ འོང༌ནི༌ཡོད༌ ཟེར༌ཨིནམ་ད་ དེ༌ཚེ༌ཡང་ དེད༌གཡོགཔ༌དེ༌ ཆང༌འགྲངས༌མི་ལུ༌བརྟེན༌ ཁོ༌གིས༌ རྣམ༌ཅོ༌ འཐེན༌ཡོདཔ༌མ༌གཏོགས༌ མི༌སྡེའི་བརྡ༌བརྒྱུད༌ནང༌ གསལ་བཀོད༌འབད་དོ༌བཟུམ༌སྦེ་ ལྡན༌ལྕག༌བླུགས་བླུགཔ་མེད༌ཟེར༌ཨིན༌མས།
འདི་འབདཝ་ད་ དྲུང་པ་གིས་ སླབ་དོ་བཟུམ་ རང་གི་འོག་ལུ་ ལཱ་འབད་མི་ ལས་གཡོགཔ་གང་རུང་ འབད་བཞག་བཅའ་བཞག་དང་ བྱ་སྤྱོད་ལེགས་ཤོམ་མེད་མི་ཚུ་ ལེགས་ཤོམ་བཟོ་ནིའི་དོན་ལུ་ བརྡུང་རྫོབ་དང་ དྲང་ནི་མ་གཏོགས་ ཐབས་ལམ་གཞན་མེདཔ་ཨིན་ན?
ཞི་གཡོགཔ་ཚུ་གི་དོན་ལུ་ ཞི་གཡོག་གི་ བཅའ་ཡིག་དང་ སྒྲིག་གཞི་ནང་ ཀུན་སྤྱོད་རྣམ་གཞག་གསལ་བཀོད་འབད་དེ་ཡོདཔ་ལས་ གལ་སྲིད་ ཞི་གཡོགཔ་གང་རུང་གིས་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ བྱ་ངན་དང་ སྒྲིག་གཡོག་ནང་ དུས་ཚོད་ཁར་ འོང་མ་བཏུབ་ ཆང་འཐུང་ སྨྱོ་རྫས་ལ་སོགས་པ་སྤྱོད་པ་ཅིན་ ཉེས་ཁྲིམས་སྦེ་ གནས་སོར་གཏང་ནི་དང་ གོ་གནས་ཡར་སེང་བཀག་ཆ་འབད་ནི་ སློབ་སྦྱོང་གི་ གོ་སྐབས་བཀག་ནི་ལ་སོགས་པའི་ བདག་སྐྱོང་དང་འབྲེལ་བའི་ ཉེས་ཁྲིམས་བཀལ་དགོཔ་སྦེ་ཡོདཔ་ཨིན་མས།
བདག་སྐྱོང་གི་ དང་ལེན་གཞན་དེ་ གནོད་འགེལ་ཆེ་ཆུང་དང་བསྟུན་ གནས་སྐབས་ཅིག་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་ནི་དང་ ཡང་ཅིན་ ཐོབ་ལམ་དང་བཅསཔ་སྦེ་ དགོངས་ཞུ་འབད་བཅུག་ནི་ དེ་ལས་ ཐོབ་ལམ་མེད་པར་ དགོངས་ཞུ་གཏང་ནི་དེ་ཨིནམ་ལས་ བརྡུང་རྫོབ་དང་ རྣམ་ཅོ་འཐེན་ནི་ལ་སོགས་པའི་ ཉེས་ཁྲིམས་བཀལ་ནི་དེ་ འགྲོ་བ་མིའི་ དབང་ཆ་ལས་འགལ་བའི་ བྱ་སྤྱོད་ཅིག་ཨིན་པའི་ཁར་ རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་རེ་ལུ་ གཞི་རྟེན་གྱི་ ཐོབ་དབང་གནང་མི་ལུ་ བརྩི་མཐོང་དང་ གུས་ཞབས་མེདཔ་བཟུམ་ཅིག་ཨིན་མས།
ཧེ་མ་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ བཀྲ་མ་ཤིསཔ་འབད་བ་ཅིན་ སྒྲིགས་ཁྲིམས་བཙུགས་ནི་དང་ བྱ་སྤྱོད་ལེགས་ཤོམ་བཟོ་ནི་གི་དོན་ལུ་ ལུས་ཐོག་གི་ ཉེས་ཁྲིམས་བཀལ་ནི་ཡོད་རུང་ ད་རེས་ནངས་པར་ ཨ་ལོ་ལུ་ རྟས་ཐག་དྲང་ནི་དང་ ལགཔ་བཀལ་ནི་ཕར་བཞག་ ཐ་ན་ ཚོགས་བརྡ་ཅིག་ཡང་ བཏང་མ་ཆོག་པའི་ ནམ་དུས་ལུ་ ང་བཅས་རའི་ འགོ་དཔོན་ཚུ་གིས་ དབང་ཚད་ལོག་སྤྱོད་ཐོག་ རང་གི་ལས་གཡོགཔ་ཚུ་ བརྡུང་རྫོབ་འབད་ནི་དེ་ མནོ་མ་ཚུགསཔ་ཅིག་ཨིན་མས།
འདི་འབདཝ་ལས་ བསམ་རྩེ་སིབ་སུའི་ བྱུང་རྐྱེན་དེ་གིས་ ཞི་གཡོག་པའི་ ཀུན་སྤྱོད་རྣམ་གཞག་དང་ འགྲོ་བ་མིའ་གཞི་རྟེན་ཐོབ་དབང་ལུ་ བརྩི་མཐོང་བསྐྱེད་ནི་དང་ གུས་ཞབས་འབད་དགོ་པའི་ དྲན་གསལ་འབདཝ་མས་ཟེར་ ཞུ་ནི་ཨིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *