༉ གཞུང་གིས་ བཙག་འཐུའི་ཁས་བླངས་འབད་མི་ལྟར་དུ་ ནང་འཁོད་འོང་འབབ་བརྒྱ་ཆ་༡༠ འགྲུབ་མ་ཚུགས་པར་ འཐུས་ཤོར་མི་ལུ་ འདས་པའི་གཞུང་ལུ་ ཧད་འཕུལ་སྡོད་ནི་མེན་པར་ ཚགས་ཁར་ཚུད་མ་ཚུགས་པའི་ ངོས་ལེན་འབད་དགོ་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ བཤདཔ་ཨིན་པས།
དེ་ཡང་་སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བཀོད་ལས་རིམ་སྐབས་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གཞུང་གི་གནས་ཡུན་སྐབས་ ནང་འཁོད་འོང་འབབ་བརྒྱ་ཆ་༥ ལས་བརྒལ་མིན་འདུག་ཟེར་ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དཔལ་འབྱོར་འཕེལ་ཚད་ རྒྱ་ཆེཝ་སྦེ་ མེད་མི་དེ་ གཙོ་བོ་ར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་ བསྒྲུབ་མ་ཚུགས་པར་ ཡུན་འགྱངས་ལུས་མི་ལུ་བརྟེན་ཨིན་ཟེར་ ལན་ཞུ་བའི་ཁར་ འདས་པའི་གཞུང་གིས་ ལས་འགུལ་དེ་གི་ ཆུ་རྫིང་ས་ཁོངས་ སོར་ནི་དེ་གིས་ཨིན་ཟེར་ཞུ་ཡི།
ལྡོག་ཕྱོགས་ཀྱིས་ གནད་དོན་དེ་ལུ་ ངོས་ལེན་མེད་ཟེར་ བཤདཔ་དང་འབྲེལ་ ཁ་ཙ་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གཞུང་གིས་ ད་རུང་ ཚོགས་ཁང་དང་ མི་སེར་ཚུ་ལུ་ ཤོབ་རྐྱབ་མས་ཟེར་ བཀོད་ནུག།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ ལས་འགུལ་ཕྱིས་ཏེ་ ལུས་མི་དེ་ གཙོ་བོ་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ འཐུས་ཤོར་བྱུང་མི་ལུ་བརྟེན་ཨིནམ་བཞིན་དུ་ གཞུང་གིས་ འཐུས་མང་རབས་ཅིག་ ཤོར་མི་དེ་ གཞུང་སྐྱོང་ནི་ འགོ་བཙུགས་པའི་སྐབས་ལས་ འདས་པའི་གཞུང་ལུ་ ཁ་བཏང་སྟེ་ འགོ་བཙུགས་ཡོདཔ་མ་ཚད་ མཇུག་བསྡུཝ་ད་ཡང་ འདི་བཟུམ་སྦེ་ ཁ་བཏང་སྟེ་ མཇུག་བསྡུཝ་མས་ཟེར་བཀོད་ནུག།
སྤུ་ན་གཙང་ཆུ་བཟུམ་མའི་ གློག་མེ་ལས་འགུལ་བཟོ་སྐྲུན་འབད་བའི་སྐབས་ འཆར་གཞི་ཚུ་ སོར་ནི་ཡོད་རུང་ འབྲེལ་བ་ཡོད་པའི་དབང་འཛིན་ག་ར་གིས་ གྲོས་ཐག་བཅདཔ་ཨིན་ཟེར་ཨིནམ་ད་ ལས་འགུལ་དེ་ནང་ རྒྱ་འབྲུག་གི་ གཞུང་གཉིས་ཆ་ར་ ཚུད་དེ་ཡོདཔ་ལས་ གཞུང་སྐྱོང་མི་རྐྱངམ་གཅིག་གིས་ ཐག་བཏོག་མི་ཚུགས་ཟེར་ གསལ་ཚུལ་གསར་བཏོན་ནང་བཀོད་ནུག།
ལས་འགུལ་དེ་ རྒྱ་གར་གཞུང་གིས་ ཟད་འགྲོ་ཧྲིལ་བུ་བཏང་དོ་ཡོདཔ་བཞིན་དུ་ གློག་མེ་ཚུ་གར་ རྒྱ་གར་གྱིས་ ཉོ་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ལས་ དེ་བཟུམ་མའི་ གནས་སྟངས་ནང་ འབྲུག་གཞུང་རྐྱངམ་གཅིག་གིས་ ཐག་བཏོག་མི་ལུ་ ངོས་ལེན་མི་འབད་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ཟླ་༧ པའི་ནང་ རྒྱ་གར་གཞུང་གི་ སྤྱི་མཐུན་ལྷན་རྒྱས་གཞུང་ཚོགས་ཀྱིས་ ལས་འགུལ་དེ་གི་ ཟད་འགྲོ་བསྐྱར་ཞིབ་འབད་མི་ལུ་ གྲོས་ཐག་བཅད་མི་དེ་གིས་ ལས་འགུལ་གྱི་ ཐག་ག་ཅི་བཏོག་སྟེ་འབད་རུང་ གཞུང་གཉིས་ཆ་ར་ གྲལ་གཏོགས་ཡོད་པའི་ བརྡ་མཚོན་སྟོན་ཚུགས་པས་ཟེར་བཀོད་ནུག།
ལས་འགུལ་དེ་གི་སྐོར་ལས་ ལས་འགུལ་གྱི་ འཛིན་སྐྱོང་གིས་ འབྲུག་དང་ རྒྱ་གཞུང་གི་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་དེ་ སྤྱི་ལོ་༢༠༠༧ ལས་ སྤྱི་ལོ་༢༠༠༩ གི་བར་ན་ ཆུ་རྫིང་སོར་ནིའི་སྐོར་ལས་ གྲོས་འཛོམས་འབད་ནུག་ཟེར་བཀོད་ནུག།
ལྡོག་ཕྱོགས་ཚོགས་པ་གིས་ ཆུ་རྫིང་སོར་དགོ་པའི་ གནད་དོན་གཙོ་བོ་གཉིས་ བཀོད་མི་དེ་ཡང་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་འབད་མིའི་ནང་ ཆུ་རྫིང་མི་ཊར་༧༠ ཆུའི་གཤམ་ལུ་འོང་དགོཔ་སྦེ་ བཀོད་ཡོད་རུང་ ལས་འགུལ་ས་ཁོངས་ནང་ གཏིང་ཚད་མི་ཊར་༣༥ ལས་མིན་འདུག་ཟེར་བཀོད་ནུག།
དེ་ལས་ ད་ལྟོའི་ས་ཁོངས་ནང་ སྤོ་སོར་འབད་མི་དེ་གིས་ ལས་འགུལ་གཉིས་ཀྱི་ ནུས་ཤུགས་དེ་ གློག་ཤུགས་མེ་ག་ཝཱཊ་༡༠༥ ཐེབས་འཐོན་ཚུགས་ཟེར་ཨིན་པས།
ཆུ་རྫིང་ས་ཁོངས་གསརཔ་ངོས་འཛིན་འབད་ནིའི་དོན་ལུ་ ཞིབ་འཚོལ་མཐིལ་ཕྱིན་འབད་དགོཔ་བཞིན་དུ་ ཆུ་རྫིང་ཁོངས་གསརཔ་དེ་ སྤྱི་ལོ་༢༠༠༩ ཟླ་༡ པའི་ནང་ ཝེབ་ཀོསི་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཐག་བཅད་ནུག་ཟེར་བཀོད་ནུག།
ལྡོག་ཕྱོགས་ཚོགས་པ་གིས་ ཆུ་ཁ་དང་ ཀུར་རི་ཆུ་ དར་ལ་གློག་མེ་ལས་འགུལ་ཚུ་ནང་ཡང་ བཟོ་སྐྲུན་འབད་བའི་སྐབས་ དེ་བཟུམ་མའི་ དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ ཤེས་དགོ་ཟེར་ཨིན་རུང་ ལས་འགུལ་འཛིན་སྐྱོང་ལུ་ རྒྱ་འབྲུག་གཞུང་གཉིས་ཀྱི་ དུས་མཐུན་ཐོག་ལུ་ རྒྱབ་སྐྱོར་འབད་དེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ཏེ་ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ཆུ་རྫིང་ས་ཁོངས་ཀྱི་ གཡས་ཕྱོགས་ལུ་ སྤྱི་ལོ་༢༠༡༣ ཟླ་༧ པའི་ནང་ ས་རུད་ཆད་ཡོདཔ་ལས་ གཞུང་ཡང་དུས་ཚོད་དེ་ཅིག་ནང་ བཙག་འཐུ་གྲུབ་ཡོདཔ་ལས་ དཀའ་ངལ་སེལ་ནི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ འགན་ཁུར་ཨིན་ཟེར་བཀོད་ནུག།
ཚོགས་པ་གིས་ འབྲུག་གི་དོན་ལུ་ གཞུང་གིས་ ལོ་ལྔའི་ནང་འཁོད་ལུ་ དཀའ་ངལ་སེལ་ཐབས་འབད་མ་ཚུགས་མི་དེ་ འབྲུག་མི་ཚུ་ལུ་ ཁ་རྗེ་མིན་འདུག་ཟེར་བཀོད་ནུག།
གཞུང་གིས་ ལས་འགུལ་དེ་གི་ ཁྲི་འཛིན་ཨིན་མི་ བསྟན་རྒྱས་བློན་པོ་དེ་ འཕྲལ་འཕྲལ་ར་ སོར་མི་དེ་གིས་ གཞུང་ལུ་ དཀའ་ངལ་སེལ་ནིའི་ ལྕོགས་གྲུབ་མེད་པའི་ རྟགས་མཚན་སྟོནམ་ལས་ ལས་འགུལ་ཕྱིས་མི་དེ་ ད་ལྟོའི་ གཞུང་ལུ་ འགན་འཁྲི་ཕོགཔ་ཨིན་ཟེར་ ལྡོག་ཕྱོགས་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།