༉ འདས་པའི་རེས་གཟའ་སྤེན་པ་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ད་ལྟོ་ བཀག་འཛིན་འབད་དེ་ར་ཡོད་མི་ ཨེ་མ་ནང་འདྲེན་གྱི་ དྲི་བཀོད་ལས་རིམ་དེ་ ཨེ་མ་གིས་ ཁ་ཚ་མི་བ་ལྷག་པའི་ རྩོད་འགྲན་རྩུབ་དྲགས་ཅིག་ལུ་གྱུར་ས་ རྒྱལ་ཡོངས་ཀྱིས་ རྒྱང་མཐོང་ནང་ མཐོང་གསལ་བྱུང་མི་དེ་ ཨ་རྟག་དང་མ་འདྲ་བའི་ འཁྲབ་རྩེད་སྟོན་དོ་བཟུམ་ཅིག་ཨིན་མས།
གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ མཛུབ་མོ་དཔག་སྟེ་ རྩོད་འགྲན་འབད་དགོཔ་ བྱུང་མི་དེ་ཡང་ ཨེ་མ་ནང་འདྲེན་བཀག་དམ་ལུ་བརྟེན་ ཚོད་བསྲེ་བཙོང་མི་དང་ ཉོ་སྤྱོད་འབད་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ སྦོམ་བྱུང་སྟེ་ཡོད་མི་དེ་ སེལ་ཐབས་འབད་ནི་གི་ ཐབས་ལམ་ཡོད་མེད་སྐོར་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཅིག་གིས་ སོ་ནམ་བློན་པོ་ལུ་ དྲི་བ་ཞུ་བའི་ཤུལ་ལས་ ལན་གསལ་འདི་ བརྙས་བཅོས་དང་བཅསཔ་སྦེ་ ཞུ་ནི་དེ་གིས་ཨིན་མས།
སོ་ནམ་བློན་པོ་གིས་ བཀྲིས་གཡང་རྩེ་-འབུམ་སྡེ་གླིང་འདེམས་ཁོངས་ཀྱི་ འཐུས་མི་དེ་གི་ ལན་ཞུཝ་ད་ རྒྱལ་ཡོངས་ཚོགས་འདུ་ནང་ ཕ་ལ་ཀ་ཊ་ལས་ འཐུས་མི་ཅིག་ཡོདཔ་ ད་རིས་ལས་བརྒལ་ མ་ཤེས་ཟེར་ ཞུ་མི་ལུ་བརྟེན་ འཐུས་མི་ཚུ་གིས་མ་དོ་བར་ སྤྱིར་བཏང་མི་མང་ཡང་ དགོད་བྲ་སྒྱུརཝ་ཨིན་ན་ ཆེད་དམིགས་བསྐྱེད་དེ་ར་ ཞུཝ་ཨིན་ན་ ཧ་གོ་མ་ཚུགས་པའི་ གནད་དོན་ཅིག་ལུ་གྱུར་ནུག།
ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་འབད་བ་ཅིན་ འཐུས་མི་ལུ་ བརྙས་བཅོས་འབད་ཡོདཔ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ སོ་ནམ་བློན་པོ་ལུ་ ཀུན་སྤྱོད་རྣམ་གཞག་དང་ ཁེ་དབང་ལས་འགལ་བའི་ དང་ལེན་འབད་དགོཔ་དང་ བློན་པོ་ཁོ་རའི་ ཁ་ཐུག་ལས་ བཟོད་གསོལ་འབད་དགོཔ་སྦེ་ ཡིག་ཐོག་ལུ་ མཁོ་འདོད་བཀོད་ནུག།
དེ་གིས་མ་དོ་བར་ ཕ་ལ་ཀ་ཊའི་ འཐུས་མི་ཟེར་ཞུ་མིའི་ གནད་དོན་དེ་ མི་སྡེ་བརྡ་བརྒྱུད་ནང་ བསམ་འཆར་འདྲ་མིན་སྣ་ཚོགས་གསལ་བཀོད་འབད་ནི་ འགོ་བཙུགས་ཡོད་པའི་ཁར་ ལ་ལོ་གིས་ རྒྱལ་ཁབ་ཀྱི་ དབུ་འཕང་མཐོ་བའི་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གོ་གནས་འཆང་མི་དེ་གིས་ འདི་བཟུམ་བརྙས་བཅོས་འབད་ནི་དེ་ རྩ་ལས་མ་བཏུབ་པའི་ མཛད་བྱ་ཅིག་ཨིནམ་སྦེ་ སྐྱོན་བརྗོད་འབད་ནུག།
མ་གཞི་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་དོན་ལུ་ ཀུན་སྤྱོད་རྣམ་གཞག་དང་ ཁེ་དབང་གི་སྐོར་ལས་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ ལོགས་སུ་སྦེ་ཡོདཔ་མ་ཚད་ ཚོགས་ཁང་ནང་ ཁེ་དབང་དང་ ཀུན་སྤྱོད་རྣམ་གཞག་ལས་ འགལ་བ་ཅིན་ ཁྲིམས་དང་ཉེས་བྱ་ཚུ་ ག་ཅི་བཟུམ་ ཕོག་དགོཔ་ཨིན་ན་ དྭངས་གསལ་སྦེ་ བཀོད་དེ་ཡོད་རུང་ ད་ལྟོ་ སྐབས་སུ་བབ་པའི་ བྱུང་རྐྱེན་གྱིས་ འཐུས་མི་དེ་གི་ མིང་གནས་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ ངེས་བདེན་ཨིན་ན་ ཡང་ཅིན་ གནོད་སེམས་ག་ནི་ཡང་མེད་པར་ ཁ་ལས་ གློ་བུར་དུ་ ཐོན་སོཔ་ཨིན་ན་ བརྟག་ཞིབ་འབད་དགོཔ་དེ་ཁག་ཆེ།
དེ་གི་ནང་དོན་ཉིད་ལས་ འཐུས་མིའི་ཀུན་སྤྱོད་རྣམ་གཞག་དང་འཁྲིལ་བ་ཅིན་ འཐུས་མི་ཚུ་གིས་ དུས་དང་རྣམ་པ་ཀུན་ཏུ་ བརྩི་བཀུར་དང་ གུས་ཞབས་ལྡན་པའི་ ཀུན་སྤྱོད་གུ་ གནས་དགོཔ་དང་ ཚོགས་དཔོན་གྱི་ དབང་ཚད་ལུ་ ཞུས་ཏབས་ཞུ་དགོ་པའི་ཁར་ ལྷག་པར་དུ་ ཚོགས་དཔོན་གྱིས་ གསལ་བཤད་འབད་བའི་སྐབས་ འཐུས་མི་ཚུ་གིས་ བློ་སླབ་ནི་དང་ ཡར་ལོང་ནི་ཚུ་ མི་ཆོགཔ་ཨིན་མས།
དེ་མ་ཚད་ འཐུས་མི་ཅིག་གིས་ རྒྱལ་ཡོངས་ཚོགས་འདུའི་ གཅིག་སྒྲིལ་ལུ་ མི་མང་གི་ བློ་གཏད་དང་ ཡིད་ཆེས་རྒྱུན་སྐྱོང་དང་ རྩ་བརྟན་བཟོ་ཚུགས་པའི་ སྤྱོད་ལམ་གྱི་ཐོག་ལུ་ གནས་དགོཔ་དང་ ཚོགས་ཁང་གི་ མཚན་སྙན་ལུ་ ཐོ་ཕོག་པའི་ བྱ་སྤྱོད་ག་ནི་ཡང་ སྒྲིག་མི་ཆོག་ཟེར་བཀོད་ནུག།
ཨིན་རུང་ ད་རེས་ཀྱི་ བྱུང་རྐྱེན་དེ་ བརྙས་བཅོས་གྲངས་སུ་ ཚུད་མི་ཚུད་ དབྱེ་དཔྱད་མཐིལ་ཕྱིན་འབད་དགོ་མི་དེ་ཡང་ ད་ལྟོ་ལས་ར་ སླབ་ཆོག་མི་ཆོག་གི་ ཚིག་དེ་ཚུ་ ངོས་བཟུང་ཐོག་ གཏན་འཁེལ་བཟོ་གནང་པ་ཅིན་ མ་འོངས་པ་ལུ་ འཐུས་མི་གཅིག་གིས་གཅིག་ལུ་ བརྙས་བཅོས་འབད་ནི་དང་ སྐྱོན་བརྗོད་འབད་ནི་ཚུ་ བཀག་ཚུགས་འོང་ཟེར་ ཞུ་ནི་ཨིན།