བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ སྐྱེངས་མཁར་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་བསྒང་།

འཐུང་ཆུའི་དཀའ་ངལ་ལུ་བརྟེན་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ བར་ཆད་རྐྱབ་སྟེ་ཡོདཔ།

མོང་སྒར་སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་༢ ཀྱི་ གཡུས་ཚན་མང་ཤོས་ཅིག་ནང་ འཐུང་ཆུ་བཀྲམ་སྤེལ་འབད་ཡོད་རུང་ ལ་ལོ་ཅིག་ནང་ འཐུང་ཆུའི་དཀའ་ངལ་ རྒྱ་ཆེ་དྲགས་སྦེ་ཡོདཔ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཐོགས་ལུས་ཡོདཔ་ཨིན་པས།

དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གཞུང་འབྲེལ་ཐོག་ལས་ རྫོང་ཁག་གི་ རྒེད་འོག་ཚུ་ནང་ ལྟ་སྐོར་འབད་བའི་སྐབས་ མི་སེར་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ སྐྱེངས་མཁར་རྒེད་འོག་ནང་ འཐུང་ཆུའི་དཀའ་ངལ་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ་ལས་ འཆར་གཞི་ལས་སྣ་བརྩམ་ནི་ལུ་ བྱ་སྟབས་མ་བདེཝ་ སྦོམ་འདུག་ཟེར་ཨིན་པས།

སྐྱེངས་མཁར་རྒེད་འོག་གི་ འབྲིང་རིམ་སློབ་གྲྭ་འོག་མ་དེ་ སློབ་གྲྭ་ལྟེ་བ་གུ་ ཡར་སེང་འབད་ནི་དང་ ཡང་ཅིན་ འབྲིང་རིམ་སློབ་གྲྭ་བར་མ་གུ་ ཡར་སེང་འབད་ནིའི་དོན་ལུ་ རྒེད་འོག་ནང་ གསུང་གྲོས་གནང་སྟེ་ གྲོས་ཆོད་ཚུ་ རྫོང་ཁག་ཤེས་རིག་སྡེ་ཚན་ནང་ བཙུགས་ཡོདཔ་མ་ཚད་ རྫོང་ཁག་ཚོགས་འདུ་ནང་ཡང་ གསུང་གྲོས་གནང་སྟེ་ གྲོས་ཐག་བཅད་ཡོདཔ་ཨིན།

རྫོང་ཁག་ཚོགས་འདུ་གིས་ གྲོས་ཆོད་བཏོན་མི་ཚུ་ གྲོས་གཞི་སྦེ་ ཤེས་རིག་ལྷན་ཁག་ལུ་ ཕུལ་བའི་ཤུལ་ ཤེས་རིག་ལྷན་ཁག་ལས་ ཞིབ་དཔྱད་འབད་མི་ སྡེ་ཚན་ཚུ་གིས་ རྒེད་འོག་ནང་ འོང་ཞིནམ་ལས་ ལྟ་རྟོག་དང་ཞིབ་འཚོལ་འབད་ཡོད་རུང་ ཆུའི་དཀའ་ངལ་ལུ་བརྟེན་ སློབ་གྲྭ་ཡར་སེང་འབད་ནི་ལུ་ རྒྱབ་སྐྱོར་གནང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ཨིན་རུང་ རྒེད་འོག་གི་ཁ་ཐུག་ལས་ ཐབས་ཤེས་བཏོན་ཏེ་ མ་དངུལ་བཞག་པའི་ཤུལ་ གློག་མེ་ལུ་བརྟེན་པའི་ ཆུ་འཐེན་ནིའི་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ཡོདཔ་ལས་ ད་རེས་ནངས་པར་ འཐུང་ཆུ་དེ་ རྒེད་འོག་ནང་ཡོད་པའི་ ལས་སྡེ་ཁག་གི་ ཡིག་ཚང་དང་ སློབ་གྲྭ་ སྨན་ཁང་ དེ་ལས་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

ཆུ་འཐེན་ནི་དེ་ ཀི་ལོ་མི་༡ ལྷགཔ་ཅིག་ལས་ འཕྲུལ་ཆས་༢ ཀྱིས་ འཐེན་དོ་ཡོདཔ་ལས་ འཕྲུལ་ཆས་མེདཔ་ཐལ་བའི་སྐབས་དང་ གློག་མེ་མེད་པའི་སྐབས་ ཆུའི་དཀའ་ངལ་དེ་ ཨ་རྟག་བཟུམ་སྦེ་ར་ ཐོབ་དོ་ཡོདཔ་ལས་ གནས་སྟངས་བསྒྱུར་བཅོས་འབད་མ་ཚུགས་པར་ ཡོདཔ་ཨིན་པས།

སྐྱེངས་འཁར་རྒཔོ་གིས་ བློན་ཆེན་ལུ་ ཞུ་མིའི་ནང་ ལམ་ཐག་རིང་ས་ལས་ རྒེད་འོག་ནང་ ཆུ་བཏོན་ནིའི་དོན་ལུ་ འཆར་གཞི་བརྩམས་ཡོད་པའི་ཁར་ ཞིབ་འཚོལ་ཡང་ འབད་ཚར་མི་དང་བསྟུན་ མ་དངུལ་བཞག་སྟེ་ཡོད་ཟེར་ཨིན་པས།

དེ་ལུ་ བློན་ཆེན་གྱིས་ གསུངས་མིའི་ནང་ མ་གཞི་རྒེད་འོག་ནང་ སོ་ནམ་ཞིང་ལམ་དང་ གློག་མེ་ བརྒྱུད་འཕྲིན་གྱི་ གཞི་རྟེན་མཐུན་རྐྱེན་མཐུན་རྐྱེན་ཚུ་ལྷོད་དེ་ ལག་ལེན་འཐབ་ཡོད་རུང་ རྒེད་འོག་དང་ གཡུས་ཚན་ལ་ལོ་ཅིག་ནང་ འཐུང་ཆུའི་དཀའ་ངལ་སེལ་མ་ཚུགས་པར་ཡོདཔ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཐོ་ཕོག་སྟེ་འདུག་ཟེར་ཨིན་པས།

ལྷག་པར་དུ་ སྐྱེངས་འཁར་འབྲིང་རིམ་སློབ་གྲྭ་འོག་མ་དེ་ སློབ་གྲྭ་ལྟེ་བ་དང་ ཡང་ཅིན་ སློབ་གྲྭ་བར་མ་ལུ་ ཡར་སེང་འབད་ནི་ལུ་ དང་པ་ འཐུང་ཆུའི་དཀའ་ངལ་ སེལ་དགོཔ་གལ་ཆེ་བས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

དེ་བཟུམ་སྦེ་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་གིས་ བློན་ཆེན་ལུ་ ཞུ་མིའི་ནང་ རྒེད་འོག་ལས་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་ཁར་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༩ དེ་ཅིག་ཡོད་མི་ལས་ ད་ལྟོ་ཚུན་ ཀི་ལོ་མི་ཊར་༤ ལྷགཔ་ཅིག་ སེལ་ཡོད་པའི་ ལྷག་ལུས་ཚུ་ འཕྲོ་མཐུད་དེ་ སེལ་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་དགོཔ་འདུག་ཟེར་ཨིན་པས།

རྒེད་འོག་ལས་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་ མཐུད་སྦྲེལ་འབད་ནི་ཨིན་པ་ཅིན་ སྔོན་མ་ལས་ འཆར་གཞི་བརྩམ་དགོཔ་ཨིན་རུང་ ད་རེས་ རྒེད་འོག་ལྟེ་བའི་འཁོར་ལམ་གུ་ རྩི་ནག་བཏང་རནམ་ད་ ད་རུང་ ལམ་ཐག་ཐུང་ཀུའི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ གནང་མི་ཚུགས་པས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་ ད་ལྟོ་ཡོད་པའི་ སྣུམ་འཁོར་ལམ་དེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ ལག་ལེན་འཐབ་པ་ཅིན་ དེ་གིས་ ཕན་ཁྱད་ཡོད་ལུགས་ཀྱི་སྐོར་ལས་ གསུངས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *