དགྲ་མེད་རྩེ་ སློབ་གྲྭ་ལྟེ་བའི་ ས་ཁོངས།

འཐུང་ཆུ་དང་ མཐའ་འཁོར་གཙང་སྦྲ་མེད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ བཤལ་སྐྱུག་གི་ ནད་གཞི་ཐོབ་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ མོང་སྒར་དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་༩༠ ལུ་ བཤལ་ནད་ཐོབ་མི་དེ་ བཞེས་སྒོ་ལུ་བརྟེན་མེན་པར་ སློབ་གྲྭ་ནང་ གཙང་སྦྲ་མེད་མི་ལུ་བརྟེན་ ཐོབ་ཡོདཔ་སྦེ་ དྲུང་འཚོ་གིས་ ཞིབ་དཔྱད་སྙན་ཞུ་ནང་ བཀོད་དེ་འདུག།

བཀྲིས་སྒང་ བར་མཚམས་སྨན་ཁང་སྡེ་རིམ་དང་པ་ལས་ ཌོག་ཊར་བསོད་ནམས་དབང་མོ་གིས་ སྙན་ཞུ་བསྡུ་སྒྲིག་འབད་མིའི་ནང་ སློབ་ཕྲུག་ཚུ་ ཕོཝ་ན་ནི་དང་ མགུ་ཏོ་ན་ནི་ དེ་ལས་ བཤལ་སྐྱུག་གི་ ནད་གཞི་ཐོབ་མི་དེ་ཡང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་མེད་པའི་ཁར་ ལྟོ་ཟ་ས་དང་ གསང་སྤྱོད་ ཐབ་ཚང་ཚུ་ འོས་ལྡན་མིན་འདུག་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༡ གི་ཕྱི་རུ་ ཀེ་བ་གིས་བཟོ་མི་ ཨ་ལུ་དམ་ཟ་སྟེ་ དེ་གི་ནངས་པ་དྲོ་པར་ སློབ་ཕྲུག་ཚུ་ལུ་ ཚབས་ཆེན་ནད་གཞི་ཐོབ་ཡོད་པའི་ རྟགས་མཚན་ཚུ་ སྟོན་ནུག་ཟེར་ ཌོག་ཊར་གྱིས་ སླབ་ཨིན་པས།
གསོ་བའི་སྡེ་ཚན་གྱིས་འབད་བ་ཅིན་ སློབ་གྲྭ་འགོ་བཙུགས་པའི་ཉིནམ་ལས་ མཇུག་མ་བསྡུ་ཚུན་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་པའི་ཁར་ ཕྱགས་སྙིགས་བཀོ་སའི་ས་ཁོངས་ཡང་ ལེགས་ཤོམ་མེདཔ་མ་ཚད་ བུམོ་ཚུ་ ཟླ་ཁྲག་འོང་པའི་སྐབས་ ལག་ལེན་འཐབ་ཚར་མི་ གཙང་རས་བཞག་ས་དེ་ཡང་ གསང་སྤྱོད་ཀྱི་ སྦོ་ལོགས་ཁར་ བཞག་མི་དེ་ལུ་ལྟཝ་ད་ གཙང་སྦྲ་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཐབ་ཚང་བཟོ་སྐྲུན་འབད་མིའི་ནང་ རླུང་མ་འོང་ས་ མེད་པའི་ཁར་ ཤ་དང་ ཚོད་བསྲེ་ཚུ་བཞག་སའི་ ཁྱེགས་སྒྲོམ་མེདཔ་མ་ཚད་ གཉེར་ཚང་ཡང་ སྐྱོག་དྲགས་སྦེ་ཡོད་པའི་ མཐོང་གསལ་བྱུང་ཡི་ཟེར་ བཀོད་དེ་འདུག།
དེ་བཟུམ་སྦེ་ ཐབ་ཚང་དང་ གསང་སྤྱོད་ཚུ་ནང་ རླུང་མ་འཛུལ་སའི་ དོང་ཚུ་མེད་པའི་ཁར་ བཞེས་སྒོ་འབད་མི་ ཐབ་ཚངཔ་ཚུ་གིས་ཡང་ ལྟོ་འབད་བའི་སྐབས་ལུ་དང་ ལྟོ་བྱིན་པའི་སྐབས་ སྒྲིག་གོ་ཚུ་ ཚུལ་དང་མཐུནམ་སྦེ་ མ་གྱོནམ་ལས་ གཙང་སྦྲ་འཕྲོད་བསྟེན་དང་ལྡདམ་སྦེ་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ གསོ་བའི་སྡེ་ཚན་དང་ སློབ་གྲྭའི་བཟའ་ཚང་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཨ་ལོའི་སྨན་བཅོས་ཚུ་འབད་བའི་ཁར་ གཙང་སྦྲ་འཕྲོད་བསྟེན་བཏོན་ནིའི་དོན་ལུ་ སློབ་ཕྲུག་ཚུ་ལུ་ གསོ་བའི་གོ་བརྡ་ཚུ་ སྤེལ་ཡོདཔ་ཨིན་པས།
གསོ་བའི་སྡེ་ཚན་གྱིས་ སློབ་དཔོན་ཚུ་ལུ་ སློབ་གྲྭའི་མཐའ་འཁོར་གནས་སྟངས་ གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པའི་ཁུངས་དང་དགོས་པ་ ལོ་མ་རྫོགས་ཚུན་ སློབ་ཕྲུག་ཚུ་ལུ་ འཐུང་ཆུ་ལེགས་ཤོམ་སྦེ་ བྱིན་དགོ་པའི་སྐོར་ལས་ དྲན་ཚོར་འབད་ཞུ་ཡི།
དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་དབུ་འཛིན་ པ་སངས་དབང་འདུས་ཀྱིས་ སླབ་མིའི་ནང་ གསོ་བའི་སྡེ་ཚན་གྱིས་ དེ་འཕྲོ་ལས་ སློབ་ཕྲུག་ཚུ་ལུ་ སྨན་བཅོས་འབདཝ་མ་ཚད་ གཙང་སྦྲ་འཕྲོད་བསྟེན་གྱི་སྐོར་ལས་ གོ་བརྡ་བྱིན་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དགྲ་མེད་རྩེ་རྒེད་འོག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོད་རུང་ སློབ་ཕྲུག་ཚུ་གི་དོན་ལུ་ དུས་ཚོད་དང་བསྟུན་ ཉིན་བསྟར་བཞིན་དུ་ ཆུ་བཀྲམ་སྤེལ་འབད་དོ་ཟེར་ཨིནམ་ད་ བུམོ་ཚུ་གི་ ཉལ་ཁང་གི་ཆུ་དུང་དེ་ སྣུམ་འཁོར་ལམ་ རྩི་ནག་བཏང་པའི་སྐབས་ མེདཔ་བཏང་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཉམས་བཅོས་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཟླ་ཁྲག་འོང་པའི་སྐབས་ ལག་ལེན་འཐབ་མི་ གཙང་རས་ཚུ་བཞག་ནིའི་དོན་ལུ་ བུམོ་ཚུ་གི་ གསང་སྤྱོད་སྦོ་ལོགས་ཁར་ ས་དོང་བརྐོ་བཞག་མི་དེ་ སྟབས་བདེ་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
གནད་དོན་གཞན་ དཔྱེ་འབད་བ་ཅིན་ ཐབ་ཚངཔ་ཚུ་ ཉིན་བསྟར་བཞིན་དུ་ སྒྲིག་གོ་གྱོན་ནི་ཡོད་རུང་ གསོ་བའི་སྡེ་ཚན་ཞིབ་དཔྱད་འབད་བའི་སྐབས་ མ་གྱོན་མི་དེ་ བདེན་ཟེར་ཨིནམ་ད་ ཤ་རིགས་ཚུ་ འབག་འོང་པའི་སྐབས་ ཉིནམ་དེ་ལུ་ར་ གསརཔ་སྦེ་ ཚོདམོ་བཟོ་བྱིན་དོ་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༢ དང་༡༣ ཚུན་ ཌོག་ཊར་བསོད་ནམས་དབང་མོ་དང་ བཀྲིས་སྒང་རྫོང་ཁག་སྨན་ཁང་ལས་ འཕྲུལ་རིག་ལས་རོགསཔ་༢ ཀྱིས་ དགྲ་མེད་རྩེ་ལུ་ཡོད་པའི་ སྨན་གཡོགཔ་དང་གཅིག་ཁར་ སློབ་ཕྲུག་ཚུ་ལུ་ སྨན་བཅོས་འབད་ནུག།
བཀྲིས་སྒང་ལས་ ཌོག་ཊར་དང་ འཕྲུལ་རིག་ལས་རོགསཔ་ཚུ་ འོང་དགོ་མི་དེ་ཡང་ མོང་སྒར་ གསོ་བའི་འགོ་དཔོན་ཚུ་གིས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཌོག་ཊར་ཚུ་གི་ཚབ་སྦེ་ བཀྲིས་སྒང་རྫོང་ཁག་གི་ གསོ་བའི་འགོ་དཔོན་དང་ འབྲེལ་བ་འཐབ་ཞིནམ་ལས་ བཏང་ཡོདཔ་ཨིན་པས།
སློབ་ཕྲུག་༩༠ སྨན་བཅོས་འབད་བར་ འོང་མིའི་གྲས་ལས་ སློབ་ཕྲུག་བུམོ་༦༦ དང་ བུཚ་༢༦ ཡོདཔ་ད་ ཁོང་གི་གྲས་ལས་ ནད་གཞི་ཚབས་ཆེན་ཐོབ་མི་ སློབ་རིམ་༩ པའི་ སློབ་ཕྲུག་ཚུ་ཨིནམ་ད་ མ་གཞི་ སློབ་རིམ་༥ པ་དང་༧ པ་ དེ་ལས་ སློབ་རིམ་༨ པ་དང་༡༠ པའི་ སློབ་ཕྲུག་ཚུ་ཡང་ ཡོདཔ་ཨིན་པས།
སྨན་བཅོས་ཚུ་ དུས་ཚོད་ཁར་འབད་མི་ལུ་བརྟེན་ ཉིནམ་༡ དང་༢ ཀྱི་ཤུལ་ལས་ སློབ་ཕྲུག་ཚུ་ག་ར་ ལེགས་ཤོམ་སྦེ་ དྲག་ཚུགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *