འཐུང་ཆུ་དང་ཞིང་ཆུ་ མ་ལང་པའི་དཀའ་ངལ།

༉ གངས་ཆུ་དང་གཙང་ཆུ་ འབབ་ཆུ་ འབོལ་དྲགས་སྦེ་ཡོད་པའི་ འབྲུག་རྒྱལ་ཁབ་བཟུམ་མའི་ རྒྱལ་ཁབ་ནང་ འཐུང་ཆུ་དང་ཞིང་ཆུ་ མ་ལང་པའི་དཀའ་ངལ་ གདོང་ལེན་འབད་དགོཔ་བྱུང་པའི་ བྱེལ་སྐད་ཤོར་མི་ ཡར་སེང་སོང་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
འཕྲལ་ཁམས་ཅིག་ཁར་ ནི་ཀ་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ ཀྲོང་གསར་ལུ་ ཚེ་རིང་མའི་གྲུབ་ཆུ་ རྩ་བ་ལས་བསྐམས་ཡོད་པའི་ ལོ་རྒྱུས་ཚུ་གོཝ་ད་ ཧེང་སྐལ་ར་ སེམས་ཕམ་གྱི་ གཞི་གནད་སྦོམ་ཅིག་ཨིན་པས།
སྤྱིར་བཏང་གིས་ ཆོས་ཕྱོགས་ལས་ སྔོན་བཤད་མཛད་མི་དང་འཁྲིལཝ་ད་ འཇིག་རྟེན་འཛམ་གླིང་འདི་ མེ་བདུན་ཆུ་གཅིག་དང་ མཐའ་མར་རླུང་གིས་འབད་ འཇིག་པའི་བསྐལ་པ་ འགོ་བཙུགས་པའི་སྐབས་ དང་པར་ མེ་བདུན་གྱིས་རིམ་པ་བཞིན་ རྩི་ཤིང་ནགས་ཚལ་ཚུ་སྐམ་ དེ་ལས་ ཆུ་ཕྲན་དང་ རོང་ཆུ་ཚུ་སྐམ་ དེ་ལས་ གཙང་ཆུ་དང་ མཐའ་ཡས་རྒྱ་མཚོ་ཚུན་ཚོད་བསྐམས་ཏེ་ ནོར་གྱི་རྐང་རྨིག་ཙམ་གྱི་ ཆུ་ཙམ་ཡང་མེད་པར་ བསྐམ་ནི་ཨིནམ་སྦེ་གསུངས་རུང་ ད་ལྟོ་ དུས་ཚོད་དེ་ འགོ་བཙུགས་མ་རན་པས།
ཨིན་རུང་ གྲོང་གསེབ་ཚུ་ལས་ཕར་ ཆུའི་རྐ་འགོ་ཚུ་ བསྐམས་ཏེ་ར་འགྱོ་མི་དེ་ ང་བཅས་ར་ འགྲོ་བ་མི་གིས་ བདག་འཛིན་མ་འབད་བའི་ཁར་ ཤིང་དང་ནགས་ཚལ་ཚུ་ ཚད་ལས་བརྒལ་བརྡབས་ནི་དེ་གིས་མེན་ན་ཟེར་བའི་ འཆར་སྣང་ཚུ་ བྱུངམ་ཨིན་མས།
ཁྲོམ་སྡེ་ནང་་འབད་བ་ཅིན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ འཐུང་ཆུ་བརྒྱ་ཆ་༣༤ དེ་ཅིག་ བཀྲམ་སྤེལ་འབད་སའི་ རྒྱུན་ལམ་བདའ་སྟེ་ ཡལ་འགྱོཝ་ཨིན་པས། དེ་ཡང་ འཐུང་ཆུ་བཀྲམ་སྤེལ་ནང་ ཚུལ་མིན་གྱི་བེད་སྤྱོད་ དཔེར་ན་ གནང་བ་མེད་པར་ ཨར་རྐུན་ཐོག་ འཐེན་འབག་མི་དང་ མི་ཊར་རྩ་བ་ལས་ འཐེན་འབག་མི་ དེ་ལས་ གནད་དོན་གཞན་གྱི་དོན་ལུ་ ཆུའི་ཁ་བསྒྱུར་ཏེ་ འཐེན་འབག་མི་ཚུ་ དར་ཁྱབ་སོང་མི་ལུ་བརྟེན་ཨིནམ་སྦེ་བཀོད་ནུག།
གངས་ཆུ་དང་གཙང་ཆུ་ འབབ་ཆུ་མ་པ་ལས་མེད་པའི་ སིངྒ་པོར་བཟུམ་མའི་ རྒྱལ་ཁབ་ནང་ཡང་ ཁྱིམ་མཚེས་རྒྱལ་ཁབ་ མ་ལ་ཤི་ཡ་ལས་ ནང་འདྲེན་འབད་དེ་ མི་རློབས་མང་བའི་ དོ་འགྲན་ཅན་གྱི་ རྒྱལ་ཁབ་ནང་ཡང་ འཐུང་ཆུའི་དཀའ་ངལ་སེལ་ཚུགས་ཏེ་འདུག།
དེ་འབདཝ་ལས་ འབྲུག་ལུ་ རྫོང་ཁག་རེའི་ནང་ གངས་ཆེན་རེ་དང་ གངས་ཆེན་རེ་ལས་ བསིལ་བའི་གངས་ཆུ་རེ་ རྫོང་ཁག་རེ་རེ་བརྒྱུད་དེ་ བབས་བཞིན་དུ་ཡོད་མི་ཚུ་ ཁྱིམ་ཚང་ནེ་པཱལ་རྒྱལ་ཁབ་ཀྱི་ ཁྲོམ་ཆེན་སྦུག་ལས་བབས་མི་ གཙང་ཆུ་བཟུམ་གྱི་ གནས་སྟངས་ལུ་ མ་འགྱུརཝ་ལས་ གཙང་ཆུ་ཚུ་ བདག་འཛིན་འཐབ་སྟེ་ རྒྱུན་སྐྱོང་ཐོག་བཞག་ནིའི་དུས་ཚོད་ ན་འཐན་རན་ནུག།
མ་གཞི་གི རྒྱལ་ཁབ་འདི་ འཐུང་ཆུ་མ་ལང་པའི་ བྱེལ་སྐད་ཤོར་མ་སྡོད་པར་ ཨི་རག་དང་ ཨི་རཱན་རྒྱལ་ཁབ་ཀྱིས་ ས་སྣུམ་མར་ཁུ་ ཕྱིར་ཚོང་འཐབ་སྟེ་ འཛམ་གླིང་ནང་ རྒྱལ་ཁབ་ཕྱུག་ཤོས་ཅིག་སྦེ་ སྡོད་དོ་བཟུམ་ འབྲུག་ལུ་ཡང་ གཙང་ཆུ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ ཁྱིམ་ཚང་རྒྱལ་ཁབ་ལུ་ ཕྱིར་ཚོང་འཐབ་སྟེ་ སྡོད་དགོཔ་ཅིག་ཨིན་མས།
འཕྲལ་ཁམས་ཅིག་ཁར་ ཝང་ཆུ་མཚམས་འཛིན་སྐྱོང་ལས་འགུལ་གྱི་ ཁ་ཐུག་ལས་ ལས་བྱེདཔ་དག་པ་ཅིག་ རྒེད་འོག་དང་སྤྱི་འོག་བརྒྱུད་དེ་ འཐུང་ཆུའི་རྐ་འགོ་ཚུ་གི་གནས་སྟངས་ ཞིབ་དཔྱད་ལུ་ འོང་སར་མཐོང་མི་དེ་ ཆུའི་རྐ་འགོ་ཉམས་སྲུང་དང་ བདག་འཛིན་འཐབ་དགོ་པའི་སྐོར་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་བཟུམ་ཅིག་ཨིནམ་ལས་ ངལ་རངས་ཀྱི་ གཞི་གནད་ཅིག་དང་ ཐབས་ལམ་ཁྱད་པར་ཅན་ཅིག་ཨིན་མས།
དེ་འབདཝ་ལས་ ནད་མ་འོངམ་ལས་རིམ་གྲོ་དང་ ཆུ་མ་འོངམ་ལས་གཡུར་བ། ཟེར་སླབ་དོ་བཟུམ་ ཐབས་ཤེས་བཏོན་ནིའི་དུས་ཚོད་ ན་འཐན་རན་ནུག།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *