འཇིགས་སྣང་དང་ འདྲོག་བྱེལ་འཐབ་བཅུག་པའི་ ཉོགས་བཤད།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ ནོར་བུ་སྒང་རྒེད་འོག་གི་ ག་ཤ་རི་སྤྱི་འོག་ནང་ ཁྲུས་འབབ་ཀྱི་ཉིནམ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་དང་ སྤྱི་འོག་གི་ངོ་ཚབ་ཅིག་ བསད་ནི་ཨིན་ཟེར་བའི་ འཇིགས་སྣང་དང་ འདྲོག་བྱེལ་འཐབ་བཅུག་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ སྤྱི་འོག་གི་ངོ་ཚབ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ག་ཤ་རི་སྤྱི་འོག་ལས་ འབྲུག་མཉམ་རུབ་ཚོགས་པའི་རྒྱབ་སྐྱོར་པ་ ཁོ་རྐྱངམ་གཅིག་འབདཝ་ལས་ འབྲུག་ཕུན་སུམ་ཚོགས་པའི་རྒྱབ་སྐྱོར་པ་ སངས་རྒྱས་རབ་བརྟན་གྱིས་ དྲོ་པའི་ཆུ་ཚོད་ཕྱེད་དང་༦ དེ་ཅིག་ཁར་ འབྲུག་མཉམ་རུབ་ཚོགས་པ་ལུ་ ག་ཅི་སྦེ་ རྒྱབ་སྐྱོར་འབདཝ་སྨོ་ཟེར་བའི་ ཧད་བཏགས་འཚོལ་ཡི་ཟེར་ཨིནམ་ད་ དྲོ་པ་རྐྱངམ་གཅིག་མེན་པར་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ལུ་ཡང་ ད་རུང་ འདྲོག་བྱེལ་འཐབ་བཅུག་ཡི་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པའི་རྒྱབ་སྐྱོར་པ་གཞན་མི་༣ ལུ་ཡང་ དེ་བཟུམ་སྦེ་ར་ འདྲོག་བྱེལ་འཐབ་བཅུགཔ་མ་ཚད་ ཚོགས་པའི་རྒྱབ་སྐྱོར་པ་ཅིག་ བསད་ནི་ཨིན་ཟེར་ སླབ་དེས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ པདྨ་ནོར་བུ་གིས་འབད་བ་ཅིན་ སངས་རྒྱས་རབ་བརྟན་གྱིས་ ཁྲུས་འབབ་ཀྱི་ཉིན་མར་ ཆང་འགྲངས་པའི་ཤུལ་ལས་ སླབ་སླབ་འོང་ནི་མས་ཟེར་ཨིནམ་ད་ ཁོ་གིས་ ག་ཅི་སླབ་ཅི་ག་ སེམས་ཁར་དྲན་མི་ཚུགས་པས་ཟེར་ཨིནམ་ད་ འདེམས་ངོ་ཆོས་གྲགས་རྒྱ་མཚོ་གིས་འབད་བ་ཅིན་ གནད་དོན་དེའི་ཐད་ཁར་ ག་ནི་ཡང་ ཧ་མ་གོཝ་ལས་ ག་ནི་ཡང་སླབ་ནི་མེད་ཟེར་ ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པ་༢ ཀྱི་བར་ན་ མ་དགའཝ་ག་ནི་ཡང་མེད་པའི་ཁར་ སྤྱི་ལོ་༢༠༡༣ ལུ་ཡང་ དེ་བཟུམ་གྱི་ འཇིགས་སྣང་དང་ འདྲོག་བྱེལ་འཐབ་བཅུག་མི་ཐོན་ཡོདཔ་ལས་ ད་རེས་ཀྱི་གནད་དོན་དེ་ འགོ་དང་པ་མེན་ཟེར་ཨིནམ་ད་ མ་འོངས་པ་ལུ་ དེ་བཟུམ་གྱི་ དཀའ་ངལ་འཐོན་པ་ཅིན་ དམངས་གཙོའི་རིང་ལུགས་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ལུ་ འདྲོག་བྱེལ་འཐབ་བཅུག་ནུག་ཟེར་གོཝ་ཅིག་ ཁོ་གིས་ ངང་ལམ་གྱི་ ངོས་ལེན་འགོ་དཔོན་ལུ་ འགྲུལ་འཕྲིན་ཐོག་ལས་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཚོགས་པའི་འགོ་འདྲེན་པ་ཚུ་ ཉེན་སྲུང་གི་ཐོག་ལུ་བཞག་ནི་དེ་ ཁོ་གི་འགན་ཁུར་ཨིནམ་ལས་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ འདེམས་ངོ་ཁོ་རའི་ཁྱིམ་ནང་ སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ངང་ལམ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ལུ་ ཉོགས་བཤད་ཐོ་བཀོད་འབད་དགོཔ་སྦེ་ རྒེད་འོག་གི་ འགོ་འདྲེན་པ་ལུ་ སླབ་ཡོད་རུང་ བྱ་སྒོའི་ལམ་ལུགས་ལེ་ཤ་ཡོདཔ་ལས་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ ཐོ་བཀོད་འབད་མ་ཚུགས་ཟེར་ཨིན་པས།
ཁ་ཙ་ ངོས་ལེན་འགོ་དཔོན་དང་ ལྟ་རྟོག་པ་ཚུ་ པདྨ་དགའ་ཚལ་རྫོང་ཁག་ནང་ སོང་ཡོདཔ་ལས་ ཉོགས་བཤད་ཐོ་བཀོད་འབད་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *