འཇིགས་སྣང་དང་འདྲོག་བྱེལ།

༉ བཙག་འཐུའི་སྐབས་ འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ གདོང་ལེན་ཅན་གྱི་ གནས་སྟངས་ཅིག་ལུ་ འགྱུར་ནི་ཡོདཔ་བཞིན་དུ་ འབྲུག་ལུ་ཡང་ སྤྱིར་བཏང་བཙག་འཐུ་ ཉིནམ་གཅིག་བ་ཉིནམ་གཅིག་ བསྟུམ་སུ་འགྱོཝ་ད་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཇིགས་སྣང་དང་ འདྲོག་བྱེལ་འཐབ་བཅུག་པའི་ ལོ་རྒྱུས་ཚུ་ གོཝ་མ་ཚད་ སྲིད་ཚོགས་གཅིག་གིས་གཅིག་ལུ་ བྱད་སྨད་རྐྱབ་པའི་ ཉོགས་བཤད་ཚུ་ཡང་ འཕྲལ་འཕྲལ་ར་བཀོད་ནི་འདུག།
སྲིད་དོན་ཚོགས་པའི་ དབུ་ཁྲིད་ཚུ་དང་ སྤྱི་ཚོགས་ནང་ མི་སེར་གྱི་ ངོ་ཚབ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ འདེམས་ངོ་སྦེ་ གདམ་འཐུ་འབད་མི་ཚུ་གིས་ སྐྱོན་བརྗོད་ཚུ་ལུ་ ངོས་ལེན་འབད་མ་ཚུགསཔ་ད་ ལྷག་པར་དུ་ སྲི་སློང་བཅུུག་སྟེ་ མི་སྡེ་དབྱེ་ཁག་བཟོཝ་ཨིན་མས།
བཙག་འཐུ་སྐབས་ སྲིད་ཚོགས་ཚུ་གིས་ གྲོང་གཡུས་དང་ རྒེད་འོག་གནས་རིམ་ནང་ ཚོགས་པའི་འགོ་འདྲེན་པ་དང་ ཚོགས་པ་ཚུ་བསྐོ་བཞག་འབད་མི་ཚུ་ལས་ དཀའ་ངལ་དང་ སྟབས་མ་བདེཝ་བཟོ་ནི་ལུ་ ལྷན་ཐབས་འབད་དོ་ཡོད་མི་དེ་ཡང་ ཁོང་རའི་ སྲིད་ཚོགས་དེ་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ འཇིགས་སྣང་དང་ འདྲོག་བྱེལ་ལ་སོགས་པའི་ ཐབས་ལམ་ཚུ་ ལག་ལེན་འཐབ་ཐོག་ལས་ བཙག་འཐུའི་ཁྲིམས་ལུགས་ལས་ འགལཝ་ཨིན་མས།
འགོ་ཐོག་བཙག་འཐུ་མཇུག་བསྡུ་ཞིནམ་ལས་ཚུར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་དང་ ཉོགས་བཤད་ལེ་ཤ་བཀོད་ཡོད་མི་ལས་ གནད་དོན་ལ་ལོ་ཅིག་ གསལ་བཀོད་འབད་བ་ཅིན་ ངང་ལམ་ལུ་ འབྲུག་ཕུན་སུམ་ཚོགས་པའི་དོན་ལུ་ ལཱ་འབད་མི་ འགོ་འདྲེན་པ་ཅིག་གིས་ ཁྲུས་བབས་ཀྱི་ཉིན་མར་ ཆང་འགྲངས་པའི་ གནས་སྟངས་ནང་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ཅིག་ལུ་ འཇིགས་སྐྲག་སྟོན་ཡོདཔ་མ་ཚད་ གླ་འཁོར་དེད་གཡོགཔ་ཅིག་དང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཅིག་གི་བར་ན་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་དེ་ མེ་ལོང་བྲག་གུ་ལས་མར་ འཐུ་བཀོག་གཏང་ནིའི་ ལོ་རྒྱུས་སླབ་མི་ དེ་ལས་ ཀྲོང་གསར་ལུ་ ཚོགས་པའི་འདེམས་ངོ་ཅིག་གིས་ ཕྱི་རྒྱལ་གྱི་ མཐུན་ལམ་སྐོར་ གསལ་བཤད་འབད་དེ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འཇིགས་སྐུལ་འབད་ནིའི་ དཔའ་བཅམ་མི་ལ་སོགས་པ་ཚུ་ཨིན་པའི་ཁར་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཚོགས་པའི་འདེམས་ངོ་ཅིག་གིས་ ཚོགས་རྒྱན་ཐོབ་ཐབས་ལུ་ སྲིད་དོན་གྱི་ ཁྱད་དབང་མེད་པའི་ ཁས་བླངས་འབད་མིའི་རྒྱབ་འགལ་ལུ་ ཉོགས་བཤད་ཡི་གུ་བཙུགས་ནུག།
འདི་བཟུམ་མའི་ ཉོགས་བཤད་ཚུ་ལུ་ མི་ཚུ་གིས་ གྲོས་བསྡུར་འབད་ནི་ འགོ་བཙུགས་ཡོདཔ་ལས་ གྲོས་ཆོད་ག་དེ་སྦེ་ བཏོན་འོང་ག་ བསམ་ཞིབ་ཐོག་ བསྒུགཔ་ཨིན་མས།
བཙག་འཐུ་ལྷན་ཚོགས་ལུ་ བཙག་འཐུའི་བྱ་རིམ་ རང་མོས་དང་ རྣམ་དག་གི་སྒོ་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཉིན་མཚན་མེད་པར་ ལཱ་འབད་བའི་སྐབས་ ཉོགས་བཤད་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ལྷོད་རུང་ དེ་ཚུ་ ཡུན་འགྱངས་མ་བཞག་པར་ ག་དེ་དྲག་དྲག་ སེལ་ཐབས་འབད་མི་ལུ་ མི་མང་གིས་ ཡིད་ཆེས་ངལ་རངས་བསྐྱེདཔ་ཨིན་མས།
ཨིན་རུང་ ད་རེས་ནངས་པར་ སྲིད་དོན་དང་འབྲེལ་གནད་མེདཔ་སྦེ་ སྡོད་དགོ་མི་ ངོ་རྐྱང་དང་ གཙུག་སྡེ་ཚུ་ བཙག་འཐུ་དང་འབྲེལ་བའི་ བྱ་རིམ་ནང་ ཁོངས་སུ་གཏོགས་དོ་ཡོད་པའི་ ཁ་ཉེས་བཀལ་བའི་ གནད་དོན་ཚུ་གི་ཐད་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ག་དེ་སྦེ་ དྲན་ཚོར་དང་ རྣམ་དག་གི་སྒོ་ལས་ གདོང་ལེན་འབད་ནི་ལུ་ རག་ལས་ནི་ཨིན་མས།
ང་བཅས་རའི་ དམངས་གཙོའི་རིང་ལུགས་ ལེགས་ལམ་ལུ་ ཞུགས་དགོ་པ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ སྙིང་སྟོབས་དང་ ཡིད་ཆེས་ལུ་ རག་ལས་དགོ་མི་དེ་ཡང་ ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་ལུ་ གདོང་ལེན་དང་ ངོས་ལེན་འདྲ་མཉམ་འབད་དགོཔ་བཞིན་དུ་ དེ་མིན་ མི་སེར་ཚུ་གི་ ཁ་ཐུག་ལས་ ལྷན་ཚོགས་ལུ་ བློ་གཏད་དང་ ཡིད་ཆེས་མེདཔ་འགྱོ་འོང་།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *