༉ སྤྱི་ལོ་༡༩༨༧ ལས་ ཕུན་ཚོགས་གླིང་ལུ་སྦེ་ འགོ་བཙུགས་མི་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་ གཱོལཌ་ཀབ་ཕུཊ་བཱོལ་རྩེད་འགྲན་ མཚམས་འཇོག་འབད་དེ་ ལོ་༡༣ གི་རྒྱབ་ལས་ ལོག་སྟེ་ར་ དུས་ཅི་གནམ་དགུན་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྩེད་འགྲན་དེ་ ཕུན་ཚོགས་གླིང་གི་དོན་ལུ་ དཔའ་ཉམས་བསྐྱེད་སའི་ གཞི་ཅིག་འབད་གནས་ཡོདཔ་ད་ རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེད་འགྲན་སྦོམ་ཤོས་ཅིག་ཨིན་མི་དེ་ ས་གནས་ནང་ འགོ་འདྲེན་འཐབ་ཡོད་པའི་ཁར་ རྩེད་འགྲན་དེ་ རྒྱལ་རབས་ཅན་གྱི་ འགྲན་བསྡུར་ཅིག་སྦེ་ སྡོད་ཡོདཔ་ཨིན་པས།
གཱོལཌ་ཀབ་ཕུཊ་བཱོལ་རྩེད་འགྲན་ འགོ་བཙུགས་པའི་སྐབས་ ནེ་པཱལ་ལས་སྡེ་ཚན་ཅིག་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྩེད་འགྲན་མཇུག་དེ་ སྤྱི་ལོ་༢༠༠༦ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ ཇའི་སྒང་རྩེད་རིགས་ཚོགས་པ་ཨིནམ་ལས་ སྡེ་ཚན་དེ་གིས་ རྩེད་འགྲན་ནང་ མིང་གཏམ་དོན་ལུ་ རྒྱབ་སྲུང་འབད་ནི་ཨིན་པས།
གཱོལཌ་ཀབ་ཕུཊ་བཱོལ་རྩེད་འགྲན་དེ་ ཡོངས་གྲགས་ཅན་ཨིན་མི་དེ་ཡང་ རྒྱབ་ཁབ་ནང་འཁོད་ཀྱི་ རྐང་རྩེད་སྡེ་ཚན་ཚུ་གིས་ མ་དོ་བར་ རྒྱ་གར་དང་ ནེ་པཱལ་རྒྱལ་ཁབ་ལས་ཡང་ སྡེ་ཚན་ཚུ་གིས་ བཅའ་མར་གཏོགས་ནི་དེ་གིས་ ཨིན་པས།
ཧེ་མ་འབད་བ་ཅིན་ གཞི་རྟེན་མཁོ་ཆས་ཚུ་ ལེགས་ཤོམ་མེདཔ་ལས་ རྩེད་འགྲན་མཚམས་འཇོག་འབད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ མཁོ་ཆས་དང་རིག་གསར་གྱི་ ཐུན་རྐྱེན་ག་ར་ཚངམ་སྦེ་ཡོདཔ་ལས་ ལོག་སྟེ་ར་ འགོ་བཙུགས་ནི་ཨིན་པས།
རྩེད་འགྲན་ནང་ འབྲུག་གི་རྒྱལ་ཡོངས་རྐང་རྩེད་འགྲན་བསྡུར་ནང་ལས་ སྡེ་ཚན་དྲག་ཤོས་༤ དང་ ཕུན་ཚོགས་གླིང་ལས་ སྡེ་ཚན་༡ དང་ རྒྱ་གར་ལས་ སྡེ་ཚན་༥ འབདཝ་ད་ བསྡོམས་སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྐང་རྩེད་ཚོགས་པའི་ཁ་ཐུག་ལས་ བསམ་རྩེ་རྫོང་ཁག་ནང་ཡང་ བསམ་རྩེ་རྩེད་འགྲན་ཟེར་ ཕུཊ་བཱོལ་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་རྐང་རྩེད་ཚོགས་པའི་ བརྡ་བརྒྱུད་མགྲིན་ཚབ་ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ རྒྱལ་ཡོངས་ཀྱི་རྐང་རྩེདཔ་མང་ཤོས་ བསམ་རྩེ་རྫོང་ཁག་ནང་ལས་ ཐོན་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ བསམ་རྩེ་ལུ་ རྐང་རྩེད་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་ནི་མེདཔ་མ་ཚད་ ཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ ཕུཊ་བཱོལ་རྩེད་མི་གངམ་མིན་འདུག་ཟེར་ཨིན་པས།
ད་རེས་ ཕུཊ་བཱོལ་ཐང་ ལེགས་ཤོམ་སྦེ་ བཟོ་སྐྲུན་འབད་དེ་ཡོད་ཟེར་ཨིནམ་ད་ འགྲན་བསྡུར་འགོ་འདྲེན་འཐབ་མི་དེ་གིས་ ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ཚུ་ གདོང་ཁར་འཐོན་བཅུག་ནི་དང་ དེ་ལས་ ཕུཊ་བཱོལ་གོང་འཕེལ་གཏང་ནིའི་དོན་ལུ་དང་ རྐང་རྩེདཔ་ལེགས་ཤོམ་འཚོལ་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
ད་ལྟོ་བསམ་རྩེ་ལུ་ ས་གནས་ཀྱི་ ཕུཊ་བཱོལ་སྡེ་ཚན་མེདཔ་ལས་ འབྲུག་པའི་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་ནང་ལས་ དྲག་ཤོས་༥ དང་ རྒྱ་གར་ལས་ སྡེ་ཚན་༥ འི་བར་ན་ རྩེད་འགྲན་འབད་ཞིནམ་ལས་ མ་འོངས་པའི་ནང་ བསམ་རྩེ་རྫོང་ཁག་ནང་ལས་ སྡེ་ཚན་བཟོ་སྟེ་ བཅའ་མར་གཏོགས་ནིའི་ སེམས་ཤུགས་བྱིན་ཐབས་ལུ་ཨིན་པས།
དེ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་ལུ་ཡང་ འགྲན་བསྡུར་དེ་བཟུམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་རུང་ དེ་ནང་ ས་གནས་ནང་ལས་ སྡེ་ཚན་༡ དང་ རྒྱལ་ཡོངས་ཀྱི་ནང་ལས་ སྡེ་ཚན་དྲག་ཤོས་༤ དང་ རྒྱ་གར་ལས་ སྡེ་ཚན་༥ གིས་ བཅའ་མར་གཏོགས་ནི་ཨིན་པས།
ལུངས་ཕྱོགས་ནང་ ཕུཊ་བཱོལ་ཡོངས་གྲགས་བཟོ་ནི་དང་ ས་གནས་ནང་གི་ ཕུཊ་བཱོལ་རྩེད་མི་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ གདོང་ཁར་འཐོན་བཅུག་ནིའི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ མ་འོངས་པའི་ནང་ རྫོང་ཁག་ཆ་མཉམ་ནང་ འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྩེད་འགྲན་༣ ཆ་ར་ དངོས་མཐོང་རྒྱང་བསྒྲགས་འབད་ནི་ཨིནམ་ད་ གཱོལཌ་ཀབ་རྩེད་འགྲན་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡ གནས་ནིའི་ ཚོད་དཔག་ཡོདཔ་ད་ དེའི་དོན་ལུ་ རྒྱབ་སྐྱོར་འབད་མི་ཚུ་ འཚོལ་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྐང་རྩེད་ཚོགས་པའི་ཁ་ཐུག་ལས་ ཨམ་སྲུ་ཚུ་གི་དོན་ལུ་ སང་ཕོད་ལས་ ཨམ་སྲུའི་ཁྱད་འཕགས་ཅན་གྱི་ཕུཊ་བཱོལ་རྩེད་འགྲན་འབད་སྲོལ་ཡོད་པའི་ཁར་ ད་རུང་ ལྷན་ཁག་དང་ གཙུག་སྡེ་ཁག་གི་བར་ན་ ཨམ་སྲུའི་ཕུཊ་བཱོལ་རྩེད་འགྲན་དང་ན་ཆུང་ བུམོ་ཚུ་གི་དོན་ལུ་ འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ད་ལྟོ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཕུཊ་བཱོལ་རྩེད་འགྲན་ འགོ་འདྲེན་མ་འཐབ་ཚུན་ རྒྱལ་ཡོངས་ཀྱི་ཕུཊ་བཱོལ་རྩེད་མི་ཚུ་ ཕྱིའི་ཕུཊ་བཱོལ་རྩེད་མི་ཚུ་དང་ རྩེད་འགྲན་འབད་ནིའི་ ས་གོ་ཟེར་རུང་ གཱོལཊ་ཀབ་འགྲན་བསྡུར་དེ་ ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ།