འཇིགས་མེད་བློ་གསལ་གྱིས་ ཕྱགས་སྙིགས་འཛིན་སྐྱོང་ལུ་ གཙོ་བོར་བཏོན་དོ་ཡོདཔ།

༉ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བ་དེ་ ཐིམ་ཕུག་ལུ་ཡོད་པའི་ སློབ་གྲྭ་ཚུ་གི་གྲས་ལས་ མི་སྡེའི་ཞབས་ཏོག་ཞུ་མི་དང་ རང་བཞིན་གནས་སྟངས་ སྲུང་སྐྱོབ་འབད་མི་ སློབ་གྲྭ་ཅིག་ཨིན་པས།
ལོ་བསྟར་བཞིན་དུ་ སློབ་གྲྭ་དེ་གིས་ ཕམ་ཉམ་ཆུང་གི་སློབ་ཕྲུག་ཨ་ལོ་ཚུ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་དང་ དགེ་ཕྲུགཔ་ཚུ་ལུ་གོ་ལ་ དེ་ལས་ གཞུང་མིན་ལས་སྡེ་ཚུ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་གྱི་ཞབས་ཏོག་དེ་ སློབ་གྲྭ་གིས་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ བསྡུ་བསྒྱོམ་འབད་བའི་ཤུལ་ལས་ ཚོང་འབྲེལ་འཐབ་སྟེ་ དེ་ལས་ཐོབ་མི་ མ་དངུལ་གྱིས་ མི་སྡེ་ལུ་ གྲོགས་རམ་འབད་དོ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཆོས་སྐྱིད་འབྲུག་པ་གིས་ སླབ་མིའི་ནང་ རུལ་བཏུབ་པའི་ཕྱགས་སྙིགས་ཀྱི་རིགས་ ཚོང་འབྲེལ་འཐབ་མི་དེ་གིས་ སློབ་གྲྭའི་དོན་ལུ་མ་དངུལ་ བཟོ་ཚུགས་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ཡང་ ཕན་ཐོགས་སྦོམ་བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལས་༢༠༡༧ ཚུན་ སློབ་གྲྭ་གིས་ ཕྱགས་སྙིགས་ཚོང་འབྲེལ་འཐབ་མི་ལས་ དངུལ་ཀྲམ་ས་ཡ་༠.༥ ལྷགཔ་ཅིག་ བཟོ་ཚུགས་ཡོདཔ་ད་ དེ་ཡང་ རུལ་བཏུབ་པའི་ཕྱགས་སྙིགས་ ཤོག་གུ་དང་ལྕགས་ དེ་ལས་ ཤེལ་དམ་ལ་སོགས་པ་ཚུ་ བསྡུ་བསྒྱོམ་འབད་ཞིནམ་ལས་ གཞན་ཁར་བཙོང་དོ་ཡོདཔ་ད་ ཕྱགས་སྙིགས་བསྡུ་བསྒྱོམ་དེ་ སློབ་ཕྲུག་དང་སློབ་དཔོན་ དེ་ལས་ ཨ་ལོའི་ཕམ་ཚུ་གིས་ འབད་དོ་ཡོདཔ་ཨིན་པས།
མ་དངུལ་བཟོ་མི་ལས་ ན་ཧིང་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ ལྗགས་ལུང་གནང་པའི་སྐབས་ མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཚུགས་ཡོདཔ་མ་ཚད་ དགེ་སློབ་དག་པ་ཅིག་ལུ་ གདན་མལ་ཆའི་གྲོགས་རམ་དང་ མཁལ་རྡོག་མེདཔ་ཐལ་མི་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཚུགས་ནུག།
དེ་མ་ཚད་ བཀྲིས་སྒང་ ཨུ་མཛོ་རོང་རྒེད་འོག་གི་ ཕྱི་ཡ་དང་ བན་ཤིང་མོའི་ སློབ་ཕྲུག་སྡེ་ཚན་ཅིག་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོང་ཐིམ་ཕུག་ལུ་ ལྟ་སྐོར་ལས་རིམ་ནང་འོང་བའི་སྐབས་ རྒྱབ་སྐྱོར་འབད་ནུག།
སློབ་གྲྭ་དེ་ ཕྱགས་སྙིགས་འཛིན་སྐྱོང་འབད་ཐོག་ལས་ འོང་འབབ་བཟོ་ནིའི་ལས་རིམ་དེ་ ནེཤ་ནལ་ ཇི་འོ་གར་ཕིག་ཟེར་ རང་བཞིན་གནས་སྟངས་ཉམས་སྲུང་དང་ འབྲེལ་བའི་ལས་རིམ་ཅིག་གིས་ སེམས་ཤུགས་བསྐྱེད་བཅུག་ནུག།
དེ་འབདཝ་ལས་ སྤྱི་ལོ་༢༠༡༣ ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་ འགོ་བཙུགས་མི་དེ་གིས་ ན་ཧིང་ཚུན་ ལོ་༤ གི་ནང་འཁོད་ལུ་ སློབ་གྲྭ་གིས་ རུལ་མ་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཏཱོན་༡༡༨ ལྷགཔ་ཅིག་ བསྡུ་བསྒྱོམ་འབད་ནུག།
དབུ་འཛིན་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ལས་རིམ་དེ་གིས་ ཕམ་ཚུ་ཡང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཡོདཔ་ལས་ ད་རེས་ ཕམ་ཚུ་གིས་ ཕྱགས་སྙིགས་ཚུ་བསྡུ་བསྒྱོམ་འབད་ནི་ཡོད་ཟེར་ཨིནམ་ད་ སློབ་གྲྭ་གིས་ ཕྱགས་སྙིགས་ཚུ་ ཕམ་ཉམ་ཆུང་ཚུ་ལུ་ བཙོང་མི་དེ་ ཁོང་གིས་ ས་མཚམས་ས་ཁོངས་ནང་ གོང་ཚད་མངམ་གི་ཐོག་ལས་ ཚོང་འབྲེལ་འཐབ་སྟེ་ འཚོ་བའི་གནས་ཚད་ ལེགས་བཅོས་འབད་ནིའི་ ཐབས་ཤེས་ཅིག་ཨིན་པས།
ལོ་བསྟར་བཞིན་དུ་ སློབ་གྲྭ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་མངམ་འབད་མི་ སློབ་དཔོན་དང་ སློབ་ཕྲུག་ དེ་ལས་ ཕམ་ཚུ་ལུ་ ངོས་འཛིན་དང་ལག་ཁྱེར་ཚུ་ བྱིན་ཡོདཔ་མ་ཚད་ བླམ་གི་སྐུ་མདུན་ལས་ ཕྱག་དབང་ཞུ་ནི་ལ་སོགས་པའི་ གོ་སྐབས་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *