༉ གསར་སྤང་རྫོང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་གི་ གོང་སི་ཁ་སྤྱི་འོག་དང་ གོན་འདུས་སྒང་ དེ་ལས་ ཚེ་བརྟན་ཁར་ སྤྱི་འོག་༣ དེ་ མཐའ་ཟུར་གྱི་སྤྱི་འོག་ཅིག་ཨིནམ་ད་ འཁོར་ལམ་ཀི་ལོ་མི་ཊར་༤༦ དེ་ཅིག་ མཐུད་སྦྲེལ་འབད་ཡོད་རུང་ གནམ་བྱཱར་གྱི་དུས་ཚོད་ལུ་ མི་སེར་ཚུ་ རྐང་སྟོང་སྦེ་འགྱོ་དགོ་མི་ལུ་བརྟེན་ ཕན་ཐོགས་འབྱུང་མ་ཚུགསཔ་ཨིན་པས།
དེ་ཡང་ གནམ་བྱཱར་ལུ་ ཆུ་བྲེས་ནི་དེ་གིས་ སོ་ནམ་ཞིང་ལམ་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགས་པར་ ལཱ་ཁག་བཏང་དོ་ཡོད་པའི་ཁར་ ཟམ་༣ ཡོད་མི་དེ་ཡང་ ལམ་སེལ་ལས་ཁུངས་ཀྱིས་ རྒྱ་གར་གཞུང་གི་ གོང་འཕེལ་ལས་འགུལ་ཆུང་བའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་པས།
འཇིགས་མེད་ཆོས་གླིང་རྒཔོ་ ཀུ་མར་གུ་རུང་གིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་འབད་ནི་དེ་ འཆར་གཞི་ནང་མེདཔ་ལས་ རྒེད་འོག་གི་མ་དངུལ་ཐོག་ལས་ བཟོ་སྐྲུན་འབད་བ་ཅིན་ ཟད་འགྲོ་མངམ་གནས་ནི་མས་ཟེར་ཨིནམ་ད་ རྒེད་འོག་གིས་ རྫོང་ཁག་བདག་སྐྱོང་དང་གྲོས་བསྟུན་འབད་ཐོག་ མ་དངུལ་སོ་སོར་སྦེ་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཟམ་༢ བཟོ་སྐྲུན་འབད་ནིའི་དོན་ལུ་ བརྟག་ཞིབ་འབད་ཚར་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ཟམ་དེ་ ཕིཊ་༡༥༠ དེ་ཅིག་གི་ ཐུང་ཀུ་འོང་ནིའི་ཨིནམ་ད་ ཟམ་དེ་ ར་ཏེ་ཆུ་དང་ སིམ་ཁར་ཀའི་གཙང་ཆུ་གུ་ལས་ རྐྱབ་ནི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕིཊ་༢༠༠འབད་མི་ ཟམ་༣ པམ་དེ་ རོང་ཆུ་གུ་ལས་ བཟོ་སྐྲུན་འབད་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ལས་ འཕྲལ་མགྱོགས་ར་ ལཱ་འགོ་བཙུགས་འོང་ཟེར་ཨིནམ་ད་ ཟམ་མེད་པ་ཅིན་ འཁོར་ལམ་ཡོད་རུང་ གནམ་བྱཱར་ལུ་ ཕན་ཐོགས་མི་ཚུགས་པས་ཟེར་ཨིན་པས།
འཁོར་ལམ་དེ་ ལོ་ངོ་བཅུ་ཕྲག་གི་ ལས་འགུལ་ཅིག་ཨིནམ་ལས་ སྤྱི་ལོ་༢༠༡༨ ཟླ་༦ པ་ནང་ མཇུག་བསྡུ་ཡི་ཟེར་ རྒཔོ་གིས་བཤད་པའི་ཁར་ ཞིང་ལམ་དེ་ གོང་སི་ཁ་སློབ་གྲྭ་ཆུང་བ་ཚུན་ཚོད་ བསལ་ཏེ་ཡོད་ཟེར་ཨིནམ་ད་ མཐའ་ཟུར་གྱི་གཡུས་ཚན་ གདུང་རྒྱས་གཡུས་ཚན་ཚུན་ འཕྲོ་མཐུད་དེ་ བསལ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གདུང་རྒྱས་གཡུས་ཚན་གྱི་འཁོར་ལམ་ ཀི་ལོ་མི་ཊར་༡༦ དེ་ཅིག་ བརྟག་ཞིབ་འབད་ཚར་ཡི་ཟེར་ཨིནམ་ད་ ས་རྐོ་འཕྲུལ་ཆས་ཨེསི་ཀེ་བད་ཊར་ཡང་ ལྷོད་དེ་ཡོདཔ་ལས་ འཁོར་ལམ་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ལྷོད་འོང་ཟེར་ཨིན་པས།
རྒེད་འོག་གིས་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་བཏང་ཐོག་ལས་ འཁོར་ལམ་བཟོ་སྐྲུན་འབད་ནི་ཨིནམ་ད་ དེ་ཡང་ ས་སྣུམ་དང་ དེད་གཡོགཔ་གི་ གླ་ཆ་སྤྲོད་ནིའི་དོན་ལུ་ བཞག་ཡོད་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།