ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཀྲིས་གཡང་རྩེ་ འཇམ་མཁར་རྒེད་འོག་ལྟེ་བའི་འཁོར་ལམ་ འགོ་འབྱེད་མཛད་པའི་བསྒང་།

འཇམ་མཁར་རྒེད་འོག་ལྟེ་བའི་ འཁོར་ལམ་གྱིས་ ཁྱིམ་གུང་པ་༣༠༥ ལུ་ ཕན་ཐོགས་འབྱུང་ནི།

༉ ལོ་ངོ་༡༤ གི་ཤུལ་ལས་ བཀྲིས་གཡང་རྩེ་ འཇམ་མཁར་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ རྩི་ནག་བཏང་ཡོདཔ་བཞིན་དུ་ འདས་པའི་བདུན་མཐའ་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ འགོ་འབྱེད་མཛད་ཡོདཔ་ཨིན་པས།
ཀི་ལོ་མི་ཊར་༥.༧༥ འབད་མི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ཚེར་སྒོམ་ལས་ འུང་ཆི་ལོ་ལུ་ཡོད་པའི་ རྒེད་འོག་བདག་སྐྱོང་ཡིག་ཚང་དང་ མཐུད་སྦྲེལ་འབད་ཡོདཔ་ད་ ས་གནས་ཀྱི་ སོ་ནམ་པ་མཁའ་འགྲོ་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ རྩི་ནག་གཏང་ནིའི་ལོ་རྒྱུས་ ཧེ་མ་ལས་ གོ་བའི་ཤུལ་ལས་ ད་རེས་ བཏང་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
སྐྱེས་ལོ་༦༤ ལང་མི་ མཁའ་འགྲོ་གིས་འབད་བ་ཅིན་ ཧེ་མ་ རྩི་ནག་མ་བཏང་པའི་སྐབས་ གླ་འཁོར་བཏང་མི་ཚུ་གིས་ འགྱོ་མ་བཏུབ་མ་ཚད་ ལ་ལོ་ཅིག་གིས་ འགྱོ་བཏུབ་རུང་ གླ་ཆ་ལོག་ལྟབ་སྦེ་ ལེན་པའི་སྐབས་ མི་སེར་ཉམ་ཆུང་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་ཐོན་རུང་ ཐབས་མེད་པར་ འགྱོ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ད་རེས་ དཀའ་ངལ་སེལ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
འཇམ་མཁར་གྱི་ རྒཔོ་བགྲེསཔ་ ཀརྨ་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ རྩི་ནག་བཏང་པའི་ཤུལ་ལས་ ཧེ་མ་ ཚེར་སྒོམ་ལས་ རྒེད་འོག་ལྟེ་བ་ཚུན་ རྒྱུན་འགྲུལ་འཐབ་པའི་སྐབས་ དུས་ཡུན་སྐར་མ་༣༥ དེ་ཅིག་འགོར་མི་དེ་ ད་རེས་ སྐར་མ་༡༠ གྱི་ནང་འཁོད་ལུ་ ལྷོད་ཚུགས་པས་ཟེར་ཨིན་པས།
འཇམ་མཁར་གྱི་དམངས་མི་ ཚེ་རིང་གཡུས་སྒྲོན་གྱིས་འབད་བ་ཅིན་ ད་ལས་ཕར་ མི་ཚུ་གིས་ རྒེད་འོག་ནང་དགོ་པའི་ ཅ་ཆས་དང་ སློབ་གྲྭའི་དཔེ་དེབ་ལ་སོགས་པའི་ དོ་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ སྐྱེལ་འདྲེན་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ཧེ་མ་ འཁོར་ལམ་དེ་ རྩི་ནག་མ་བཏང་པའི་སྐབས་ མི་ཚུ་གིས་ སྐྱེལ་འདྲེན་འབད་མ་བཏུབ་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དངུལ་ཀྲམ་ས་ཡ་༡༤.༢༨ ཟད་འགྲོ་བཏང་སྟེ་ སེལ་ཡོད་མི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་གིས་ རྒེད་འོག་གི་ཁྱིམ་གུང་པ་༣༥༠ ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ བཀྲིས་གཡང་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་ས་ལས་ རྒེད་འོག་༣ གྱི་ འཁོར་ལམ་རྩི་ནག་བཏང་ཚར་ཡོདཔ་ད་ དེ་ཚུ་ཡང་ སྟོད་ཚོ་དང་ རམ་འཇར་ དེ་ལས་ འཇམ་མཁར་ཚུ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འོག་དཔོན་ཚུ་གིས་ སླབ་མིའི་ནང་ སྟོང་གཞང་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནིའི་ལས་འགུལ་དེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ ཆ་མེད་སོང་ཡི་ཟེར་ཨིནམ་ད་ གཡང་རྩེ་དང་ ཁམས་དྭངས་རྒེད་འོག་གི་དོན་ལུ་ རྩི་ནག་གཏང་དགོཔ་མེད་ཟེར་ཨིན་པས།
རྫོང་ཁག་ནང་ ཡོངས་བསྡོམས་ འཁོར་ལམ་ཀི་ལོ་མི་ཊར་༤༩.༨༥ དེ་ཅིག་ རྩི་ནག་གཏང་ནི་ཨིན་མི་ལས་ ད་ཚུན་ ཀི་ལོ་མི་ཊར་༢༧.༠༥ རྩི་ནག་བཏང་ཚར་ཡོདཔ་ད་ འབུམ་སྡེ་གླིང་དང་ ཡ་ལང་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ཡང་ སང་ཕོད་སྤྱི་ཟླ་༥ པའི་ནང་ གཏང་ཚར་ནིའི་འཆར་གཞི་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *