བསམ་རྩེ་ སྤང་བ་རི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ ཕོར་ཊི་ཕེཊ་ལྟོ་ བཟའ་བའི་བསྒང། (པར་- བདེ་སྐྱིད་ཚེ་རིང་གི་ གདོང་དེབ་ལས་)

འཆར་དངུལ་ཆ་འཇོག་ འགྲུབ་པ་ཅིན་ སློབ་གྲྭ་ཚུ་གིས་ ཟས་བཅུད་ལྡན་པའི་ཆུམ་ འཐོབ་ཚུགས་ནི།

༉ གལ་སྲིད་ འཆར་དངུལ་ཆ་འཇོག་འགྲུབ་པ་ཅིན་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ བཟའ་འཐུང་གི་ རྒྱབ་སྐྱོར་འབད་དེ་ཡོད་པའི་ སློབ་གྲྭ་ཚུ་གིས་ ད་རེས་ ཕོར་ཊི་ཕ་ཡེཌ་ཟེར་མི་ ཟས་བཅུད་ལྡན་པའི་ཆུམ་ འཐོབ་ཚུགས་ནི་ཨིན་པས།

གཞུང་གིས་ བཟའ་འཐུང་གི་ རྒྱབ་སྐྱོར་འབད་མི་ སློབ་གྲྭ་ཚུ་ནང་ ཕོར་ཊི་ཕ་ཡེཌ་ཆུམ་ བགོ་བཀྲམ་འབད་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༢༢ ལྷགཔ་ཅིག་གནས་པའི་ ཕོར་ཊི་ཕ་ཡེཌ་ཆུམ་ཚུ་ མཁོ་སྒྲུབ་འབད་ནིའི་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ སྤྱི་ཚོགས་ནང་ འཆར་དངུལ་གྱི་སྐོར་ལས་ གསུང་གྲོས་གནང་པའི་བསྒང་ ཡོདཔ་ཨིན་པས།
དུས་ཅི་ སློབ་གྲྭ་འགོ་བཙུགསཔ་ད་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ སློབ་གྲྭ་༡༧༢ ཀྱི་ སློབ་ཕྲུག་བསྡོམས་༡༧,༠༠༠ ལུ་ ཕོར་ཊི་ཕ་ཡེཌ་ཆུམ་ བགོ་བཀྲམ་འབད་ནི་ འགོ་བཙུགས་ནུག།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ གསུངས་མིའི་ནང་ སློབ་གྲྭ་ཚུ་ནང་ ཕོར་ཊི་ཕ་ཡེཌ་ཆུམ་ཚུ་ བགོ་བཀྲམ་འབད་ནིའི་འཆར་དངུལ་ སྤྱི་ཚོགས་ནང་ གྲོས་འཆར་བཙུགས་ཏེ་ཡོདཔ་ལས་ དེ་ལུ་ བཀག་ཆ་མི་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གི་ གསོ་བའི་འཕྲོད་བསྟེན་དང་ ཟས་བཅུད་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ནང་ ཟས་བཅུད་ལྡན་པའི་ ཕོར་ཊི་ཕ་ཡེཌ་ཆུམ་ བགོ་བཀྲམ་འབད་མི་དེ་ཡང་ ད་རེས་ནངས་པར་ སློབ་ཕྲུག་ཚུ་གིས་བཟའ་མི་ཆུམ་ནང་ ཟས་བཅུད་དེ་ ལྷན་ཐབས་བཟུམ་ཅིག་ཨིན་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ཀྱི་ཆུམ་ནང་ ཟས་བཅུད་བི་ཏ་མིན་ བི་ཝཱན་མེདཔ་ལས་ ཕོར་ཊི་ཕ་ཡེཌ་ཆུམ་དེ་ ཆུམ་གཞན་དང་གཅིག་ཁར་ སླ་བསྲེས་པའི་སྐབས་ ཟས་བཅུད་ཅན་ཁག་༩ དེ་ཅིག་ ཐོབ་ཚུགས་མི་ལུ་བརྟེན་ཨིན་པས།
མ་གཞི་ སློབ་ཕྲུག་རེ་གིས་ ཟླ་རིམ་ལྟོ་ཕོགས་དངུལ་ཀྲམ་༡,༠༠༠ རེ་ ཐོབ་དོ་ཡོདཔ་ད་ སློབ་ཕྲུག་རེ་ལས་ དངུལ་ཀྲམ་༦༠༠ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཆུམ་ཉོ་ནིའི་དོན་ལུ་ ཟད་འགྲོ་བཏང་དོ་ཡོདཔ་བཞིན་དུ་ ལྷག་ལུས་ཚུ་གིས་ ཚོད་བསྲེ་ཚུ་ ཉོ་དོ་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ གཞུང་གིས་ བཞེས་སྒོའི་རྒྱབ་སྐྱོར་འབད་མི་ སློབ་གྲྭ་༡༣༧ ནང་ སློབ་ཕྲུག་བསྡོམས་༥༥,༩༧༥ དེ་ཅིག་ ཡོདཔ་ཨིན་པས།
འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ པེཊི་ བོཆ་ཏཱན་གྱིས་ སླབ་མིའི་ནང་ འགོ་ཐོག་ བང་ལ་དེཤ་ལས་ ཕོར་ཊི་ཕ་ཡེཌ་ཆུམ་ མེ་ཊིག་ཊཱོན་༣༠༠ དེ་ཅིག་ ནང་འདྲེན་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རུང་ ཐའི་ལེནཌ་ལས་ ཆུམ་དཀརཔོ་དང་ ཕོར་ཊི་ཕ་ཡེཌ་ཆུམ་གུ་ ནང་འདྲེན་འབད་ཡོདཔ་བཞིན་དུ་ ཕོར་ཊི་ཕ་ཡེཌ་ཆུམ་ མེ་ཊིག་ཊཱོན་༣༠༠ དེ་ཅིག་ ཆུམ་ཚུ་དང་གཅིག་ཁར་ སླ་བསྲེས་རྐྱབ་སྟེ་ ད་ལྟོ་ སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
མ་གཞི་ འབྲུག་པའི་བཞེས་སྒོ་ནང་ ཟས་བཅུད་ལེ་ཤ་ཡོད་རུང་ ཚོད་བསྲེ་དང་ཤ་ མང་སུ་མེད་ནི་དེ་གིས་ ཟས་བཅུད་གངམ་མེདཔ་ལས་ མི་ག་ར་གིས་ ལྟོ་བཟའ་མི་ལུ་བརྟེན་ དེ་ནང་ ཕོར་ཊི་ཕ་ཡེཌ་བཟོ་ཡི་ཟེར་ པེཊ་ བོཆ་ཏཱན་གྱིས་ སླབ་ཡོདཔ་ཨིན།
ད་རེས་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ སློབ་གྲྭ་ཚུ་ནང་ ཆུམ་དང་ ཅཱ་ན་ མར་ཁུ་ དེ་ལས་ དཱལ་བརྩིས་ཏེ་ བཟའ་འཐུང་གི་རིགས་༤ རྒྱབ་སྐྱོར་འབད་དོ་ཡོད་རུང་ སྤྱི་ལོ་༢༠༡༩ ལས་ རྒྱབ་སྐྱོར་ལས་རིམ་དེ་ མཚམས་འཇོག་འབད་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༨ ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ སློབ་གྲྭ་ཚུ་ནང་ བཟའ་སྤྱོད་ཀྱི་ གྲོགས་རམ་བྱིན་ནི་དེ་ མཇུག་ཨིན་པས།
པེཊི་ བོཆ་ཏཱན་གྱིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ནང་ བཟའ་འཐུང་གི་ གྲོགས་རམ་མཚམས་འཇོག་འབད་རུང་ གཞུང་གི་ མཁོ་འདོད་དང་འཁྲིལ་ཏེ་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *