འཆར་གཞི་ཚུལ་མཐུན་མ་བརྩམས་པའི་ནོར་སྐྱོན།

༉ བཀྲིས་གཡང་རྩེ་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་ནང་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་དེ་ ཟླ་ངོ་༦ མ་ལངམ་ལས་ར་ སྒོ་བསྡམ་ནི་གི་ ལོ་རྒྱུས་ཐོན་མི་ལུ་ སྤྱིར་བཏང་མི་མང་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོདཔ་ཨིན་མས།
དྲི་བ་༡ པོ་དེ་ མཐོ་རིམ་སློབ་གྲྭ་འགོ་བཙུགསཔ་ཅིག་ར་ སྒོ་བསྡམ་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ཟེར་ དོགས་སྣང་དང་བཅསཔ་སྦེ་ བཀོད་མི་དེ་ཡང་ ལ་ལོ་གིས་འབད་བ་ཅིན་ སྲིད་དོན་གྱི་ ཁས་བླངས་འགྲུབ་ཐབས་ལུ་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་གཞན་ཚུ་ནང་ གྲོས་བསྟུན་ཚུལ་མཐུན་མ་འབད་བར་ མིང་ཙམ་ཅིག་གི་དོན་ལུ་ གཞི་བཙུགས་འབད་འབདཝ་བཟུམ་ཅིག་འདུག་ཟེར་ཨིན་མས།
ལས་གཡོག་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ བཟོ་རིག་བཅུ་གསུམ་སྤེལ་ཁང་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ བཟོ་རིག་གི་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རིག་གནས་ཀྱི་ ཤེས་ཡོན་འཕྲོ་མཐུད་དེ་ ལྷབ་སྦྱང་འབད་ནིའི་དོན་ལུ་ ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ལུ་ རྩིས་སྤྲོད་འབད་དགོཔ་ཨིན་མས།
དེ་ཡང་ འཛིན་སྐྱོང་དང་ བདག་སྐྱོང་གི་དཀའ་ངལ་ལུ་བརྟེན་ རིག་གནས་མཐོ་རིམ་སློབ་གྲྭ་དེ་ བཤོལ་བཞག་སྟེ་ འཆར་གཞི་༡༢ པའི་ནང་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་སྦེ་ གཞི་བཙུགས་འབད་ཐབས་ལུ་ཨིན་ཟེར་བཀོད་ནུག།
དེ་སྦེ་ ཨིན་པ་ཅིན་ ཧེ་མ་ལས་ རིག་གནས་མཐོ་རིམ་སློབ་གྲྭ་ཡོད་མི་གུ་ བཀྲིས་གཡང་རྩེ་ལུ་ གཞི་བཙུགས་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན?
ད་ལྟོ་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ བཟོ་རིག་གི་ ཤེས་ཡོན་ཚུ་ ལྷབ་སྦྱང་འབད་མི་ སློབ་ཕྲུག་བུམོ་༦ དང་ བུཚ་༦ འབདཝ་ད་ སློབ་ཕྲུག་༡༢ ལས་བརྒལ་མེདཔ་ལས་ དངམ་གཅིག་ལུ་ མཐོ་རིམ་སློབ་གྲྭའི་ ཁྱད་ཚད་མི་ལྡན་པའི་ཁར་ གཉིས་པ་འབདཝ་ད་ ལས་གཡོག་ལྷན་ཁག་གིས་ རིག་གནས་མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནི་མེན་པར་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་ལུ་ མིང་སོརཝ་ཨིན་ཟེར་ སླབ་མི་དེ་ ཧད་འཕུལ་བའི་ གཞི་ཁུངས་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ལས་གཡོག་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༡ པའི་ནང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ རིག་གནས་ཀྱི་ སློབ་ཕྲུག་༡༢ པོ་དེ་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་དགོ་པའི་ ཡི་གུ་བཏང་མི་དང་འཁྲིལ་བ་ཅིན་ མཐོ་རིམ་སློབ་གྲྭའི་ འཆར་གཞི་ལག་ལེན་གྱི་ སྙན་ཞུ་འབད་བའི་སྐབས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་དེ་ ལས་གཡོག་ལྷན་ཁག་ལུ་ འགན་ཁུར་མེདཔ་ལས་ མི་སྟོབས་ཀྱི་ རྒྱབ་སྐྱོར་བྱིན་མི་ཚུགས་པས་ཟེར་ སླབ་མི་དེ་གིས་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་བའི་སྐབས་ གྲོས་བསྟུན་ཚུལ་མཐུན་མ་འབད་བའི་ ནོར་སྐྱོན་ཚུ་ གསལ་སྟོན་འབདཝ་མས།
རིག་གནས་མཐོ་རིམ་སློབ་གྲྭ་གཞི་བཙུགས་འབདཝ་ད་ སློབ་ཕྲུག་ཚུ་ཡང་ ལཱ་གཡོག་གི་ གོ་སྐབས་འབད་རུང་ ལེགས་ཤོམ་ཅིག་ འོང་ནི་མས་ཟེར་ མནོ་བསམ་བཏང་སྟེ་ འཛུལ་ཞུགས་འབད་བའི་ཤུལ་ལུ་ ད་རེས་ ཀྲོང་གསར་ལུ་ སྤོ་བཤུད་འབད་དགོ་པའི་ ལོ་རྒྱུས་གོཝ་ད་ རྣམ་རྟོག་ལང་དགོཔ་བྱུང་ནུག།
བཀྲིས་གཡང་རྩེ་རིག་གནས་མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནི་ ངེས་བདེན་ཨིན་པ་ཅིན་ ཞིབ་འཇུག་ག་ནི་ཡང་ མ་འབད་ཁར་ འཆར་གཞི་ཚུལ་ལྡན་སྦེ་ མ་བརྩམས་པར་ སྲིད་དོན་གྱི་ ཁས་བླངས་ལུ་བལྟ་སྟེ་ གཞི་བཙུགས་འབད་ཡོདཔ་བཟུམ་སྦེ་ གསལ་སྟོན་འབད་དོ་ཡོདཔ་ད་ ད་ཚུན་གྱི་བར་ན་ རིག་གནས་མཐོ་རིམ་སློབ་གྲྭ་དང་འབྲེལ་བའི་ ཟད་འགྲོ་གནས་མི་དང་ མི་མང་ལུ་ གོ་བ་བརྡ་ལོག་སྤྲོད་པའི་འགན་འཁྲི་དེ་ འབྲེལ་བ་ཅན་ཚུ་ལུ་བཀལ་དགོ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *