འཆར་གཞི་དང་བསྟུན་པའི་ དམིགས་ཡུལ་འགྲུབ་དགོཔ་གལ་ཅན།

༉ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་འགྱོཝ་དང་འབྲེལ་ ལམ་ལུགས་སྲོལ་ཚུ་ཡང་ ཧེ་མ་དང་ མ་འདྲཝ་སྦེ་ར་ ཡར་རྒྱས་སོང་ནུག།
དེ་སྦེ་ ཡར་རྒྱས་གོང་འཕེལ་ཚུ་ གོ་རིམ་བཞིན་དུ་སྦེ་ འགྱོ་བའི་བསྒང་ལས་ མི་རློབས་དང་བསྟུན་པའི་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ མི་ངོ་རང་སོའི་ཁྱད་དབང་དང་ ཁྱད་ཆོས་སྟོན་ཏེ་ བྱ་སྒོའི་རིམ་པ་མ་འདྲཝ་ཚུ་ སྒྲིགཔ་ཨིན་མས།
ཡར་རྒྱས་གོང་འཕེལ་ག་དེ་སྦེ་ར་ སོང་སྟེ་འབད་རུང་ དོན་ངོ་མ་འདི་ ང་བཅས་རའི་ འབྲུག་པའི་མི་སེར་ཚུ་གི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མིའི་ ལྟ་བ་འགྲུབ་ནི་དེ་ཨིན།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ འགྲུབ་དགོཔ་འདྲཝ་འབད་བ་ཅིན་ དེ་དང་བསྟུན་པའི་ ཀ་ཆེན་བཞི་ཡང་ ཚུལ་བཞིན་དུ་ འགྲུབ་དགོཔ་གལ་ཆེ་བས།
ཀ་ཆེན་བཞི་གི་ནང་གསེས་ ལམ་སྲོལ་ལུ་ གཙོ་རིམ་བཟུང་མི་ཚུ་གིས་ ད་རེས་ནངས་པར་ སྔར་སྲོལ་གྱི་ གླུ་གཞས་ཟློས་གར་ཚུ་ མི་མང་ལུ་ སྤྱན་འབུལ་ཞུ་ཐོག་ལས་ ཡར་དྲག་གཏང་ནིའི་ཐབས་ལམ་བཏོན་མི་ལུ་ ངལ་རངས་བསྐྱེད་དགོཔ་འདུག།
གླུ་གཞས་འགྲན་བསྡུར་ཚུ་ཡང་ གཅིག་ཤུལ་གཉིས་སྦེ་ འབྲུག་གི་ཁྱད་འཕགས་ཅན་དང་ དྲིན་ཅན་ཕ་མའི་གསུང་སྐད་ རིག་མཛོད་དབྱངས་འཚོལ་ དེ་ལས་ ཀ་ལ་པིང་ཀའི་གསུང་སྐད་འགྲན་བསྡུར་ཟེར་ འགོ་འདྲེན་འཐབ་དང་ འཐབ་བཞིན་དུ་འདུག།
མ་གཞི་ འཆར་གཞི་དང་ ལག་ལེན་ཐབས་བྱུས་ཚུ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་སར་ མཐོང་གསལ་བྱུངམ་ད་ ཡིད་ཆེས་དང་ ངལ་རངས་བྱུངམ་ཨིན་རུང་ རྟེན་གཞི་དེ་གི་ཐོག་ལུ་ དམིགས་ཡུལ་དང་ དམིགས་གཏད་ཚུ་ ཧ་ལམ་ རྒྱབ་སྐྱུར་བཞག་དོ་ བཟུམ་ཅིག་སྦེ་ཡང་མཐོངམ་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འབྲུག་ཁྱད་འཕགས་ཅན་གྱི་ གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་ལྔ་གདམ་འཐུ་འབད་དེ་ ཨང་དང་པ་ གཉིས་པ་ གསུམ་པ་སྦེ་ གསལ་བསྒྲགས་འབད་དེ་ ལྕོགས་གྲུབ་ཅན་གྱི་མི་ངོ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ མི་ངོ་དེ་ གར་སོང་མེདཔ་སྦེ་ ཟུར་སྡོད་མི་དེ་ དམིགས་ཡུལ་ཚུ་ གཞི་གཏད་ལེགས་ཤོམ་ཅིག་མེད་པའི་ རྟགས་མཚན་ཨིན་ན་ ཡང་ན་ ང་བཅས་རའི་རྒྱལ་ཁབ་ནང་ ད་ལྟོ་ འདི་བཟུམ་གྱི་ ཐབས་ལམ་བསྒྲིག་ནི་ལུ་ ཧ་དྲག་པའི་སྐྱོན་ཨིན་ན་ཟེར་མནོཝ་མས།
གླུ་གཞས་འགྲན་བསྡུར་ནང་ལས་ ཁྱད་འཕགས་ཅན་ ག་དེ་སྦེ་ར་ཐོན་རུང་ གློག་བརྙན་གྱི་ རྒྱབ་རྟེན་སྐད་འཐེན་མི་སྦེ་ འཐོབ་ནི་ཕར་བཞག་ ཐ་ན་ སྒྲ་འཛིན་འཁོར་ལོ་ཅིག་ནང་ཡང་ ངོ་སྟོན་འབད་མ་ཚུགས་པར་ལུས་མི་དེ་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཆུང་ཀུ་འདི་ནང་ ལེགས་ལྡན་མི་མཐོང་མས།
འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་སུ་ འགོ་འདྲེན་པའི་ མ་དངུལ་བཟོ་ནི་དང་ ན་གཞོན་ཚུ་ མི་མང་གི་གདོང་ཁར་ གསལ་སྟོན་འབད་ནི་ རང་སོའི་ ཉེ་ཚན་ཚུ་གིས་ བུ་ལོན་ལེན་ཐོག་ལས་ ཚོགས་རྒྱན་བཙུགས་ནི་དེ་ འབྲུག་རྒྱལ་ཁབ་ཀྱི་ ལམ་སྲོལ་བཟུམ་ཅིག་ལུ་ འགྱུར་དོ་ཡོདཔ་ལས་ དེ་ཚུ་ འཛོལ་བའི་ལམ་ལུ་ ཤུགས་མ་ཐལཝ་ཅིག་ལས་ བཅོ་ཁ་རྐྱབ་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

དགོངས་ཞུ་འབད་མི་ཚུ་ བཀག་ཐབས་ཀྱི་སྲིད་བྱུས་ཡོད་ག?

༉ ལམ་འཛོལ་བ་ཉིན་མའི་ཧ་ཕྱིས། །གྱོས་འཛོལ་མ་བསྐལ་བའི་མགུ་མཇུག །ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཟེར་བའི་དཔེ་དོན་བཟུམ་ རྒྱལ་ཁབ་ནང་ འགྱུར་བ་སྦོམ་ར་ འགྱོ་དོ་ཡོད་མི་གིས་ འགན་འཁྲི་ཅན་ཚུ་ ཚ་གྱང་ཐེབས་ཅིག་ར་ ལང་དོ་ཡོདཔ་འོང་། ང་བཅས་ཀྱི་ སླབ་ལུགས་ལུ་ཡང་ དང་པ་རྟ་མ་དཀྲོགསཔ་དྲག་ …

Leave a Reply

Your email address will not be published. Required fields are marked *