འཆར་གཞི་༡༢ པའི་འཆར་དངུལ་ ཐེར་འབུམ་༤༠ དེ་ཅིག་གིས་ མི་ལང་ནི།

༉ གཞུང་གི་ ཁས་བླངས་ཚུའི་གྲས་ལས་ གཙོ་བསྟེན་སྨན་ཁང་གསརཔ་ བཟོ་སྐྲུན་འབད་ནི་དང་ རྫོང་ཁག་སྨན་ཁང་ཆ་མཉམ་ནང་ ཁོང་བརྟག་ཨིན་ཌོསི་ཀོ་པི་དང་ ཨཱལ་ཊ་ས་འུནཌ་གི་མཐུན་རྐྱེན་ ཝའི་ཕའི་དང་ གསུང་བྱོན་གྱི་ཨེབསི་ ཞབས་ཏོག་རིན་མེད་སྟོང་པ་བྱིན་ནི་ དེ་བཟུམ་སྦེ་ སྐྱེས་མའི་འཐུས་བྱིན་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་དུམ་གྲ་ཅིག་ ཐེབས་གནས་ནི་ཨིན་མི་ཚུ་ འཆར་གཞི་༡༢ པའི་ འཆར་དངུལ་ནང་ ཚུད་དེ་མེདཔ་ཨིན་པས།
དེ་ཡང་ གཞུང་གིས་ བརྡ་བརྒྱུདཔ་དང་ཕྱད་ནིའི་ ལས་རིམ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འཆར་དངུལ་གྱི་ རྩིས་ཆད་དེ་ཡང་ འཆར་དངུལ་ཡོངས་བསྡོམས་དང་ ཟད་འགྲོའི་བར་ནའི་ ཁྱད་པར་དེ་ དམིགས་གཏད་བསྐྱེད་ཡོད་པའི་ འཆར་དངུལ་ཐེར་འབུམ་༢༩ ལས་ལྷག་སྟེ་ ཐེར་འབུམ་༤༠ གུ་ ལྷོད་ནི་མས་ཟེར་གསུངས་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་འབད་བ་ཅིན་ གཞུང་གིས་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ དེ་ལས་ རྒྱལ་སྤྱི་སོ་ནམ་གོང་འཕེལ་མ་དངུལ་ ཨི་ཕཱཌ་ཚུ་ལས་ སྐྱེད་མེད་པའི་སྐྱིན་འགྲུལ་ དངུལ་ཀྲམ་ཐེར་འབུམ་༤༠ ལེན་ནི་དང་ ལྷག་ལུས་དངུལ་ཀྲམ་ཐེར་འབུམ་༢༥ དེ་ ནང་འཁོད་གྱི་ དངུལ་འབྲེལ་ལས་ཁང་ཚུ་ལས་ གཞུང་གིས་ བསྐྱི་ནི་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འཆར་དངུལ་ཐེར་འབུམ་༡༡༠ དེ་ ཟད་འགྲོ་ཡོངས་བསྡོམས་རྐྱངམ་གཅིག་ཨིནམ་ལས་ ད་རུང་ འཆར་དངུལ་དགོས་མཁོ་དེ་ལས་མངམ་ འཐོན་ནི་ཨིན་རུང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ གཞུང་གིས་ འཆར་གཞི་ནང་ མ་ཚུད་པའི་ འཆར་དངུལ་ག་དེམ་ཅིག་ བསྡུ་ལེན་འབད་ཚུགས་ནི་ཨིན་ནའི་ ལྕོགས་གྲུབ་སྟོན་ནིའི་ གོ་སྐབས་ཅིག་ཨིན་ཟེར་ཨིན་མས།
གཞུང་གི་ཁ་ཐུག་ལས་ འཆར་གཞི་༡༢ པའི་ ཟིན་བྲིས་གུ་ བསྒྱུར་བཅོས་སྦོམ་ཅིག་ མ་འབད་བའི་ཁར་ ཆུ་ཡུན་བརྟན་སྦེ་ བཀྲམ་སྤེལ་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ གྲུབ་འབྲས་གཙོ་བོ་ཅན་ཅིག་སྦེ་ འཆར་གཞི་དེ་ནང་ ཐེབས་བཙུགས་ཏེ་ཡོད་ཟེར་གསུངས་ཡི།
ཆུ་དེ་ གལ་གནད་ཅན་ཅིག་ཨིན་པའི་ཁར་ སྲིད་དོན་ཚོགས་པ་ཆ་མཉམ་གྱིས་ འཐུང་ཆུ་དང་ ཞིང་ཆུ་ལེགས་ཤོམ་སྦེ་ བགོ་བཀྲམ་འབད་ནིའི་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཆུའི་ལྟེ་བ་གཅིག་ གཞི་བཙུགས་འབད་ནི་དེ་ འཆར་གཞི་༡༢ པའི་ནང་ གཙོ་རིམ་ཅན་གྱི་ ལས་སྣ་ཅིག་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
གཞུང་གིས་ འཆར་གཞི་༡༢ པའི་ནང་ སྲིད་དོན་ཚོགས་པ་ག་རའི་ ཁས་བླངས་སྦོམ་ཚུ་ ཚུད་དེ་ཡོད་ཟེར་ཨིནམ་ད་ འདས་པའི་གཞུང་གིས་ འཆར་གཞི་དེ་ ཟིན་བྲིས་བཏབ་ཡོདཔ་བཞིན་དུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་སྦོམ་ག་ར་ འཆར་གཞི་ནང་ཚུད་ཡོད་མི་ཚུ་ཨིན་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་ཡང་ འཆར་གཞི་དེ་དང་ ཅོག་འཐདཔ་བཟོ་ཡི་ཟེར་ ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་ནང་ལས་ གློག་མེ་འཕྲུལ་ཁང་མ་གཏོགས་ ཁས་བླངས་གཞན་ག་ར་ མཉམ་རུབ་ཚོགས་པའི་ཁས་བླངས་ལས་ མ་འདྲཝ་ག་ནི་ཡང་མེད་ཟེར་བཤད་ཅི།
འབྲུག་ཀུན་མཉམ་ཚོགས་པའི་ ཁས་བླངས་ནང་ལས་ ངན་ལྷད་དེ་ རྒྱལ་ཡོངས་ཀྱི་ དམིགས་གཏད་གཙོ་བོའི་ནང་གསེས་ཨིནམ་ད་ ཌི་ཇི་ཊཱལ་འབྲུག་ཡུལ་དེ་ འཆར་གཞི་༡༢ པའི་ གཙོ་རིམ་ཅན་གྱི་ ལས་སྣའི་གྲས་ལས་ གཅིག་ཨིན་ཟེར་ ཕྱི་འབྲེལ་བློན་པོ་གིས་བཤད་ཅི།
བློན་ཆེན་གྱིས་ སྲིད་དོན་ཚོགས་པ་གཞན་ཚུ་གི་ ཁས་བླངས་གསལ་བསྒྲགས་ལེགས་ཤོམ་ཚུ་ལུ་ ངོས་ལེན་ཡོད་ཟེར་ གསུངས་པའི་ཁར་ ཁས་བླངས་ག་ར་འཆར་གཞི་༡༢ པའི་ གྲངས་སུ་བཙུགས་ཏེ་ཡོད་ཟེར་བའི་ ལོ་རྒྱུས་མེན་ཟེར་ཨིན་པས།
གཞུང་གིས་ སྲིད་དོན་ཚོགས་པ་གཞན་ཆ་མཉམ་གྱི་ གཙོ་འཛིན་ཚུ་དང་ཕྱད་དེ་ འཆར་སྣང་༢༠༤༥ འི་ གྲོས་བསྡུར་ཐོག་ ཁོང་གི་ཁས་བླངས་ཚུ་ བཙུགས་ནི་ཟེར་ བློན་ཆེན་གྱིས་ གསུངསམ་མ་ཚད་ འཆར་གཞི་༡༢ པ་དེ་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཀྱི་གྲངས་སུ་ ཚུད་ཡོད་པའི་ འཆར་གཞི་མཇུག་ཨིནམ་བཞིན་དུ་ རེ་འདོད་ཅན་ཅིག་ཨིན་ཟེར་ གསུངས་ཡི། བློན་ཆེན་གྱིས་འབད་བ་ཅིན་ དམིགས་ཡུལ་དེ་ནང་ སྤུ་ན་གཙང་ཆུ་དང་པ་དང་༢ པའི་ གློག་མེ་ལས་འགུལ་༢ མ་ཚུད་ཟེར་ཨིནམ་ད་ གློག་མེ་ལས་འགུལ་དེ་ ང་བཅས་ཀྱིས་ ལོ་རྒྱུས་མངམ་སླབ་ས་ཅིག་ཨིནམ་ལས་ ཧ་གོ་དགོཔ་དེ་ དེ་ཚུ་མང་ཤོས་ ང་བཅས་ཀྱི་ ལག་པར་མེད་ཟེར་ཨིནམ་ད་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ འཕྲལ་མགྱོགས་ར་ མཇུག་བསྡུ་ནི་ཨིན་རུང་ ད་ལྟོ་ གོང་ཚད་ལེགས་ཤོམ་འཐོབ་ནིའི་དོན་ལུ་ གྲོས་བསྟུན་འབད་དགོཔ་ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་དང་པ་དེ་ ཤུལ་མའི་འཆར་གཞི་ནང་ ལུས་ནི་ཨིནམ་ལས་ སྤྱི་ལོ་༢༠༢༢ དང་༢༠༢༣ ནང་ འགྲུབ་ཚུགས་པའི་ རེ་བ་ཡོད་པའི་ཁར་ སྤུ་ན་གཙང་ཆུ་༢ པ་དེ་ སྤུ་ན་གཙང་ཆུ་དང་པ་ལས་ ལོ་གཅིག་གི་ཧེ་མར་ འགྲུབ་ནི་གི་ལས་འཆར་ཡོདཔ་ཨིན་པས།
འཆར་གཞི་༡༡ པའི་ནང་ དཔལ་འབྱོར་གོང་འཕེལ་དེ་ དཔྱ་སྙོམས་ལས་བརྒྱ་ཆ་༡༠ གྱི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་རུང་ གློག་མེ་ལས་འགུལ་ཚུ་ དུས་ཚོད་ཁར་ སྒྲུབ་མ་ཚུགས་མི་ལུ་བརྟེན་ མར་བབས་སོང་ཡོདཔ་བཞིན་དུ་ ལས་འགུལ་དེ་ཚུ་གི་ འོང་འབབ་ལུ་ གཞི་བཞག་སྟེ་ ནང་འཁོད་ཀྱི་ འོང་འབབ་ཚུ་ཡང་ དམིགས་ཚད་བསྐྱེད་དེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི། འཆར་གཞི་༡༢ པའི་ནང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ དཔྱ་སྙོམས་ལས་ བརྒྱ་ཆ་༥.༨ ལས་༦ ལུ་ ཡར་སེང་གི་ དམིགས་གཏད་བསྐྱེད་ཡོད་མི་དེ་ རྒྱལ་སྤྱི་དངུལ་འབྲེལ་ལས་ཁང་ ཨའི་ཨེམ་ཨེཕ་གིས་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་འགྱོ་མི་སྦེ་ འཐོན་འོང་ཟེར་བའི་ ཚོད་དཔག་འབད་མི་དེ་དང་ རྒྱབ་འགལ་ཨིན་པས།
འཆར་གཞི་༡༢ པའི་ནང་ ས་གནས་གཞུང་ལུ་ འཆར་དངུལ་བརྒྱ་ཆ་༥༠ བགོ་བཀྲམ་འབད་མི་དེ་ འཆར་གཞི་དང་པ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *