༉ འཆར་གཞི་༡༢ པའི་ འཆར་ལོ་༢༠༡༨-༡༩ འི་འཆར་དངུལ་ སྤྱི་ཟླ་༡ པ་ལས་༦ པ་ཚུན་ཚོད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གྲུབ་གནང་ཡོདཔ་ལས་ ད་ལྟོ་ ཤུལ་མའི་སྤྱི་ཚོགས་ནང་ བཙུགས་ནི་ལུ་ སྒུག་སྟེ་ཡོད་ཟེར་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་དང་ གནས་ཚུལ་ཞལ་འཛོམས་འཚོགས་གནངམ་ད་ གསུངས་ཡི།
འཆར་གཞི་༡༢ པའི་ འཆར་དངུལ་བསྡོམས་ དངུལ་ཀྲམ་ཐེར་འབུམ་༣༡༠ བཞག་ཡོད་མི་དེ་ ཕྱིའི་གྲོགས་རམ་དང་ ནང་འཁོད་འོང་འབབ་ལ་སོགས་པ་ཚུ་ལུ་ བགོ་བཤའ་རྐྱབ་ད་ ཕྱིའི་གྲོགས་རམ་དེ་ གཙོ་བོ་ར་ རྒྱ་གར་གཞུང་དང་ ནང་འཁོད་འོང་འབབ་ཀྱི་ཐད་ལུ་ འོང་འབབ་འབྱུང་ས་མཐོ་ཤོས་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ སྤྱོད་འཐུས་ལུ་ བཞག་ནུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཨིན་རུང་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གློག་མེ་སྤྱོད་འཐུས་ཀྱི་ཐད་ལུ་ ད་ལྟོ་ གོང་ཚད་བཟོ་བའི་བསྒང་ཡོདཔ་ལས་ འོང་འབབ་ག་དེམ་ཅིག་ བཟོ་ཚུགས་ག་ ཐག་མ་བཅད་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ མང་སྡེ་ཆུ་གློག་མེའི་ སྤྱོད་འཐུས་ཀྱི་སྐོར་ལས་ དང་པ་ར་ རྒྱ་གཞུང་དང་གཅིག་ཁར་ གསུང་གྲོས་གནང་ནི་དང་ དེ་གི་ཤུལ་ལས་ རིན་གོང་གི་སྐོར་ ཞལ་འཛོམས་ཚུ་གནངམ་ད་ ཤེས་རྟོགས་འབྱུང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ཚོགས་༣ པའི་ནང་ གསལ་ཞུ་འབད་ནིའི་ ལས་རིམ་ཡང་ཡོདཔ་ལས་ དེ་གི་ཤུལ་ལས་ རང་བཞིན་གྱིས་ ཤེས་ཚུགས་ཟེར་ བློན་ཆེན་གྱིས་གསུངས་ཡི།
རྒྱ་གར་གཞུང་གིས་ མགྲོན་བརྡ་འབད་མི་དང་འཁྲིལ་ བློན་ཆེན་མཆོག་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ རྒྱ་གར་ལུ་ གཞུང་དོན་གཟིགས་སྐོར་གནར་པར་ འབྱོན་ནི་ཨིནབ་ད་ དེ་བསྒང་ མང་སྡེ་ཆུ་གློག་མེའི་ སྤྱོད་འཐུས་སྐོར་ལས་ཡང་ རྒྱ་གར་གྱི་ དབུ་ཁྲིདཔ་ཚུ་དང་གཅིག་ཁར་ གསུང་གྲོས་གནང་ནིའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།