༉ སློབ་དཔོན་ཚུ་གི་ ལཱ་ཉུང་དྲགས་བཟོ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ལོ་ལྔའི་འཆར་གཞི་༡༢ པ་ མཇུག་བསྡུཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་༢༠༠ དེ་ཅིག་ མར་ཕབ་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ སློབ༌གྲྭ༌ལྟེ༌བ༌༡༢༠ གཞི་བཙུགས་འབད་ནི་དང་ སློབ་གྲྭ་ཆུང་བ་ཚུ་ནང་ ནང་སྡོད་མཐུན་རྐྱེན་ རྒྱ་སྐྱེད་འབད་ཐོག་ལས་ སློབ་གྲྭའི་གྱངས་ཁ་ མར་ཕབ་ནི་ཨིནམ་ད་ ད་རེས་ནངས་པར་ རྒྱ་སྐྱེད་སློབ་གྲྭ་༩༦ དང་ རང་དབང་སློབ་གྲྭ་༢༠ སློབ་གྲྭ་ལྟེ་བ་༥༡ དེ་ལས་ སློབ་གྲྭ་གཞན་༥༡༣ བརྩིས་ཏེ་ སློབ་གྲྭ་བསྡོམས་༥༨༤ ཡོདཔ་ཨིན་པས།
སློབ་གྲྭ་འཆར་གཞི་དང་ མཉམ་འབྲེལ་སྡེ་ཚན་གྱི་ གཙོ་འཛིན་ངོ་ཚབ་ ཀ་ཀ་གིས་ སླབ་མིའི་ནང་ སློབ་གྲྭའི་གྱངས་ཁ་ མར་ཕབ་འབདཝ་ད་ ད་རེས་ནངས་པར་ སློབ་གྲྭ་ཚུ་ལུ་ སློབ་དཔོན་བགོ་བཀྲམ་དང་ སློབ་ཕྲུག་༡༨ ལུ་ སློབ་དཔོན་རེ་ཡོདཔ་ བཟོ་མ་ཚུགས་པའི་དཀའ་ངལ་ དེ་ལས་ སློབ་དཔོན་གོང་འཕེལ་གཏང་ནིའི་ གནད་དོན་ཚུ་ སེལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཁག་ལས་ཕར་ རྒྱབ་སྐྱོར་ལས་བྱེདཔ་ ཕྱགསམ་འཕྱག་མི་དང་ ཨ་ལོ་གཅེས་སྐྱོང་པ་ སློབ་ཕྲུག་བདག་འཛིན་པ་ དེ་ལས་ བསླབ་སྟོན་པ་ཚུ་ ལེགས་ཤོམ་སྦེ་ བགོ་བཀྲམ་འབད་ནི་ལུ་ ཕན་ཁྱད་འབྱུང་འོང་ཟེར་ཨིན་པས།
སློབ་གྲྭ་ལྟེ་བ་དང་ སློབ་གྲྭ་ཆུང་བ་ཚུ་ ནང་སྡོད་མཐུན་རྐྱེན་ཡོད་མི་ལུ་བརྟེན་ སློབ་དཔོན་ཚུ་ གོང་འཕེལ་གཏང་ནི་ཚུགས་ནི་དང་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་གི་ གྱངས་ཁ་ཉུང་སུ་ཡོད་མི་ཚུ་ཡང་ བསྡབ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་ད་ གལ་སྲིད་ སློབ་དཔོན་ཚུ་ཡང་ སློབ་གྲྭ་ལྟེ་བ་ཚུ་ནང་ བགོ་བཀྲམ་འབད་བའི་སྐབས་ ཁོང་གི་ ལཱ་འགན་དེ་ མར་ཕབ་འབད་ཚུགས་ཟེར་ ཀ་ཀ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཤེས་ཡོན་སྤུས་ཚད་ཀྱི་ བསྐྱར་ཞིབ་འབདཝ་ད་ དཔྱ་སྙོམས་ནང་ སློབ་དཔོན་ཚུ་གི་ ལཱ་འགན་དེ་ཡང་ སྤྱིར་བཏང་ཞི་གཡོགཔ་གཞན་ཚུ་དང་ཕྱདཔ་ད་ སློབ་དཔོན་ཚུ་གིས་ བདུན་ཕྲག་༡ ནང་ དུས་ཡུན་ཆུ་ཚོད་༥༧.༥༡ དེ་ཅིག་ འབད་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
ཤེས་རིག་གི་ སྲིད་བྱུས་དང་འཁྲིལཝ་ད་ ལོ་༡ ནང་ སློབ་དཔོན་ཚུ་གི་ ལཱ་འབད་ནིའི་ དུས་ཚོད་ཉུང་ཤོས་ར་ ཉིནམ་༡༨༠ སྦེ་ འཁོད་དེ་ཡོད་རུང་ སློབ་དཔོན་ཚུ་གིས་ སྤྱིར་བཏང་ཞི་གཡོགཔ་དང་ཕྱདཔ་ད་ ཉིན་གྲངས་༥༥ དེ་ཅིག་ ཐེབས་འབདཝ་མས་ཟེར་ཨིན་པས།
ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་གྲྭ་ཚུ་ནང་ སློབ་དཔོན་ཚུ་གིས་ བདུན་ཕྲག་ཅིག་ནང་ སློབ་སྟོན་མེན་པའི་ལཱ་ ཆུ་ཚོད་༡༧.༤༢ དེ་ཅིག་ འབདཝ་མ་ཚད་ ཕྱི་སྡོད་ཀྱི་ སློབ་གྲྭ་དང་ཕྱདཔ་ད་ ནང་སྡོད་ཀྱི་ སློབ་གྲྭའི་སློབ་དཔོན་ཚུ་གིས་ ཉིན་བསྟར་བཞིན་དུ་ ཆུ་ཚོད་༡.༣ དེ་ཅིག་ ལཱ་ཐེབས་འབདཝ་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
སྤྱི་ལོ་༢༠༡༦ ལུ་ སློབ་དཔོན་ཚུ་གི་ ལཱ་འགན་གྱི་སྐོར་ལས་ བརྟག་འབད་བའི་ སྙན་ཞུ་ནང་ སློབ་གྲྭ་ཆུང་བའི་ སློབ་དཔོན་བརྒྱ་ཆ་༤༣ དང་ འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་བརྒྱ་ཆ་༢༧ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་བརྒྱ་ཆ་༣༠ དེ་ཅིག་གི་ དུས་ཚོད་ཚུ་ སློབ་སྟོན་རྐྱངམ་གཅིག་ འབད་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།
དེ་བཟུམ་སྦེ་ སློབ་དཔོན་ཚུ་གིས་ དུས་རྒྱུན་གྱི་ སློབ་སྟོན་འབད་ནིའི་ འགན་ཁུར་གྱིས་མ་དོ་བར་ ལཱ་སོ་སོ་ཚུ་ཡང་ འབད་དོ་ཡོདཔ་ད་ སློབ་དཔོན་བརྒྱ་ཆ་༤༥ རྐྱངམ་གཅིག་གིས་ རང་སོའི་ལཱ་འགན་ལུ་ ངལ་རངས་ཡོད་ལུགས་བཤད་ནུག།
སྙན་ཞུ་དང་འཁྲིལ་ སློབ་དཔོན་གྱི་ དུས་ཚོད་དེ་ ཆུ་ཚོད་༡༤ དང་ འཆར་གཞི་དང་ བརྟག་ཞིབ་ ཞིབ་འཚོལ་འབད་ནི་ལུ་ ཆུ་ཚོད་༡༤ དེ་ལས་ རྒྱབ་སྐྱོར་གྱི་ ལཱ་ཚུ་དང་ དུས་ཡུན་ཆུ་ཚོད་༥ ལུ་ མར་ཕབ་འབད་དགོཔ་སྦེ་ གྲོས་འདེབས་བཀོད་ནུག།
ཀ་ཀ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ སློབ་སྟོན་གྱི་ དུས་ཡུན་ཆུ་ཚོད་༢༢ ལས་༡༨ ལུ་ མར་ཕབ་འབད་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ གལ་སྲིད་ མི་སྡེ་གིས་ སློབ་གྲྭ་དགོ་འདོད་དང་ སློབ་གྲྭ་ནང་ སློབ་ཕྲུག་༡༥༠ ཡོད་པ་ཅིན་ ཕྱི་སྡོད་ཀྱི་ སློབ་གྲྭ་ཆུང་བ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁྲོམ་སྡེ་དང་ སྒེར༌གྱི་སློབ་གྲྭ་ཚུ་ནང་ ད་ལྟོ་ ལག་ལེན་འཐབ་དོ་བཟུམ་སྦེ་ར་ བཞག་ནི་ཨིནམ་ད་ སྒེར་སྡེ་སློབ་གྲྭ་དང་ སློབ་དཔོན་ཚུ་བརྩིས་ཏེ་ རྒྱལ་ཁབ་ནང་ སློབ་དཔོན་༡༩,༤༡༥ དང་ སློབ་ཕྲུག་༡༦༨,༠༩༢ དེ་ཅིག་ཡོདཔ་ཨིན་པས།
སློབ་དཔོན་ཚུ་གིས་ བཤད་མིའི་ནང་ ཁོང་གི་ ལཱ་འགན་དེ་ བསྒྱུར་བཅོས་མེད་པར་ དེ་སྦེ་ར་ འདུག་ཟེར་ཨིནམ་ད་ དབང་འདུས་ཕོ་བྲང་ཀ་གཞི་སློབ་གྲྭ་ཆུང་བའི་སློབ་དཔོན་ རིན་ཆེན་གྲགས་པ་གིས་ སླབ་མིའི་ནང་ བདུན་ཕྲག་ཅིག་ནང་ སྟོན་ཚན་༧ ཡོད་མི་ལས་ སྟོན་ཚན་༢-༣ བརྒལ་ ངལ་གསོ་མི་ཐོབ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་དེ་ནང་ སློབ་དཔོན་༨ ཡོད་མི་ལས་ སྡེ་ཚན་གྱི་ འགན་ཁུར་ཚུ་ཡང་ འབག་དོ་ཟེར་ཨིནམ་ད་ སློབ་དཔོན་ཉི་མ་བསྟན་འཛིན་གྱིས་ སླབ་མིའི་ནང་ སློབ་གྲྭ་དེ་ མཐའ་ཟུར་ལུ་ཡོདཔ་ལས་ སློབ་དཔོན་གྱི་ ལཱ་འགན་དེ་ བསྒྱུར་བཅོས་འབད་ མ་ཚུགས་པར་ཡོད་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།