འཆར་གཞི་༡༢ པའི་ནང་ སློབ་དཔོན་ཚུ་གི་དོན་ལུ་ སྡོད་ཁྱིམ་བཟོ་སྐྲུན་འབད་ནི།

༉ སློབ་དཔོན་ཚུ་ལུ་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཡོད་མི་དང་ དེ་གི་ནང་ལས་ཡང་ མཐའ་ཟུར་གྱི་རྫོང་ཁག་ཚུ་ནང་སྡོད་མི་ སློབ་དཔོན་ཚུ་གི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ སློབ་དཔོན་བརྒྱ་ཆ་༨༠ གིས་ སློབ་གྲྭ་ནང་འཁོད་ལུ་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ སྡོད་ཁྱིམ་བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

ལྷན་ཁག་གིས་འབད་བ་ཅིན་ འཆར་གཞི་དེ་ འཆར་གཞི་༡༢ པའི་ནང་ གྲོས་འཆར་གཙོ་རིམ་ཅན་སྦེ་ བཙུགས་ནིའི་དོན་ལུ་ སྡོད་ཁྱིམ་ག་དེམ་ཅིག་ དགོཔ་ཡོདཔ་ཨིན་ན་ཚུ་ བལྟ་དགོ་པའི་སྐོར་ལས་ བཀོད་རྒྱ་བྱིན་ཏེ་ཡོདཔ་ད་ བཟོ་སྐྲུན་ཚུ་ཡང་ ལྟོ་ཐོབ་སློབ་གྲྭ་དང་ སློབ་གྲྭ་ལྟེ་བ་ཚུ་ནང་ འབད་ནི་ཨིན་པས།

འདས་པའི་དྲི་བཀོད་ནང་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ འཆར་གཞི་དང་འཁྲིལཝ་ད་ འཆར་གཞི་༡༢ པའི་ནང་ སློབ་དཔོན་གྱི་ སྡོད་ཁྱིམ་ཚུ་ བཟོ་སྐྲུན་འབད་སར་ མཐོང་འོང་ཟེར་ཨིན་པའི་ཁར་ དེ་གིས་ སྡོད་ཁྱིམ་གྱི་དཀའ་ངལ་ བསལ་ཚུགས་ནི་དང་ སློབ་དཔོན་ཚུ་གིས་ སློབ་གྲྭའི་ལས་རིམ་ཚུ་ནང་ དོན་སྨིན་ཅན་སྦེ་ བཅའ་མར་གཏོགས་ཚུགས་ནི་ཨིནམ་མ་ཚད་ སློབ་ཕྲུག་ཚུ་གི་མཐའ་དོན་ལུ་ཡང་ ལཱ་ཚུ་འབད་ཚུགས་ཟེར་ཨིན་པས།

ཤེས་རིག་ལྷན་ཁག་གི་ འཆར་གཞི་སྡེ་ཚན་ནང་ལས་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འཆར་གཞི་དེ་ འཆར་གཞི་༡༢ པའི་ དམིགས་གཏད་དང་འཁྲིལ་ཏེ་ཨིནམ་ད་ དེ་ཡང་ རྫོང་ཁག་དང་ཁྲོམ་སྡེ་ཚུ་ནང་ བཟོ་སྐྲུན་འབད་ནིའི་དབང་ཆ་ཚུ་བྱིན་ནི་དེ་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ ལྷན་ཁག་གིས་ སྲིད་བྱུས་ཀྱི་ཐོག་ལས་ བཀོད་རྒྱ་བྱིན་ནི་དང་ གནས་ཚད་བཟོ་ནི་ཚུ་ལུ་ གཙོ་རིམ་བཟུང་ཚུགས་ཟེར་ཨིན་པའི་ཁར་ བཟོ་སྐྲུན་ཚུ་ནང་ ལྟོ་ཐོབ་སློབ་གྲྭ་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་མི་དེ་ཡང་ ཉིན་མའི་ལྟོ་ཐོབ་སློབ་ཕྲུག་ཚུ་ ཕྱི་རུ་ལོག་སྟེ་ ཁྱིམ་ནང་འགྱོ་ནི་དེ་གིས་ཨིན་པས།

འཆར་གཞི་དང་འཁྲིལཝ་ད་ སྡོད་ཁྱིམ་བརྒྱ་ཆ་༨༠ སློབ་གྲྭའི་ས་ཁོངས་ནང་འཁོད་ལུ་ བཟོ་དགོཔ་ཨིན་རུང་ རྫོང་ཁག་གི་སློབ་གྲྭ་ཚུ་ནང་ ལྟོ་ཐོབ་སློབ་ཕྲུག་ཚུ་གི་གྱངས་ཁ་ལུ་ གཞི་བཞག་སྟེ་ སྡོད་ཁྱིམ་གྱི་ གྲོས་འཆར་བཙུགས་དགོཔ་སྦེ་ རྫོང་ཁག་ལུ་ བཀོད་རྒྱ་བྱིན་ཏེ་ཡོད་ཟེར་ འགོ་དཔོན་ཚུ་གིས་བཤད་ཅི།

དེ་ཡང་ ཁང་མིག་༤ འབད་མི་ཁྱིམ་ཅིག་རྐྱབ་ད་ དངུལ་ཀྲམ་ས་ཡ་༧ དེ་ཅིག་ གནས་དོ་ཡོདཔ་ལས་ ཟད་འགྲོ་སྦོམ་གནས་ནིའི་ ཉེན་ཁ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ དཔེར་ན་ སློབ་ཕྲུག་བརྒྱ་ཆ་༥༠ དེ་ཅིག་ ལྟོ་ཐོབ་སྦེ་སྡོད་པ་ཅིན་ སློབ་དཔོན་ཡང་ བརྒྱ་ཆ་༥༠ སློབ་གྲྭའི་ས་ཁོངས་ནང་འཁོད་ལུ་ སྡོད་དགོ་ཟེར་ཨིན་པས།

འགོ་དཔོན་གྱིས་ བཤད་མིའི་ནང་ སྡོད་ཁྱིམ་བརྒྱ་ཆ་༨༠ དམིགས་གཏད་བསྐྱེད་མི་དེ་ འཆར་གཞི་༡༢ པ་ མཇུག་བསྡུ་ཁམས་ལུ་ བཟོ་ཚར་ནིའི་རེ་བ་ཨིན་རུང་ ཁྲོམ་སྡེ་ནང་ སྒེར་གྱི་ཁྱིམ་འཐོབ་ཚུགས་སའི་ སློབ་གྲྭ་ཚུ་ནང་ཨིན་པ་ཅིན་ སློབ་དཔོན་གྱི་ སྡོད་ཁྱིམ་ཚུ་ མི་རྐྱབ་ཟེར་ཨིན་པས།

ཐོག་ཚད་༢ འབད་མི་ སྡོད་ཁྱིམ་ཚུ་ནང་ ཁང་ཚན་༤ རེ་བཟོ་སྐྲུན་འབད་ནི་ཨིན་རུང་ བཟོ་བཀོད་ཚུ་ སའི་ཆགས་ཚུལ་དང་འཁྲིལ་ དུམ་གྲ་རེ་ མ་འདྲཝ་སྦེ་ འོང་ནི་ཨིན་པས།

ལྷན་ཁག་གི་ཧོངས་ལས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ གྲོགས་རམ་འབད་ཚུགས་ནིའི་དོན་ལུ་ སློབ་དཔོན་ཚུ་ལུ་ སྡོད་ཁྱིམ་ལེགས་ཤོམ་ཡོདཔ་བཟོ་ནི་དེ་ཨིནམ་ད་ ཁྱིམ་ཚུ་ནང་ རང་སོའི་ལཱ་འབད་བའི་ལོ་གྲངས་དང་ རྨགཔ་དང་ཨམ་སྲུའི་གནས་སྟངས་ཚུ་དང་འཁྲིལ་ཏེ་ ཚོགས་ཚུང་གིས་ ཐག་བཅད་དེ་བྱིན་དགོ་ནི་ཨིན་རུང་ སློབ་ཕྲུག་བདག་འཛིན་པ་ཚུ་ལུ་ ངེས་པར་དུ་ བྱིན་དགོ་ནི་ཨིན་པས།

སྤྱི་ལོ་༢༠༡༧ ལོའི་ གནས་སྡུད་དང་འཁྲིལཝ་ད་ གཞུང་གི་སློབ་དཔོན་བསྡོམས་༨༦༤༤ དང་ སྒེར་གྱི་སློབ་དཔོན་༧༧༡ ཡོད་པའི་ཁར་ སློབ་གྲྭ་ལྟེ་བ་ཚུ་བརྩིས་ཏེ་ ལྟོ་ཐོབ་སློབ་གྲྭ་༡༥༠ དེ་ཅིག་ ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *