བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ནང་སྲིད་བློན་པོ་ཟླ་བ་རྒྱལ་མཚན་ དེ་ལས་ ནང་སྲིད་དྲུང་ཆེན་བསོད་ནམས་སྟོབས་རྒྱས་གསུམ་ རྫོང་བདག་ཚུ་དང་ལྷན་བཞུགས།

འཆར་གཞི་༡༢ པའི་ནང་ སྲིད་བྱུས་དང་ འཆར་དངུལ་ མི་སྟོབས་ཚུ་ དབང་ཚད་ཕྱིར་སྤེལ་འབད་ནི།

༉ ཁ་ཙ་ རྫོང་བདག་ཚུ་གི་ ལོ་བསྟར་ཞལ་འཛོམས་ཐེངས་༢༤ པ་ འགོ་བཙུགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྫོང་བདག་ཚུ་ལུ་ རྫོང་ཁག་ཚོགས་འདུ་གིས་ སྲིད་བྱུས་བརྩམ་དགོཔ་ཁག་ཆེ་རུང་ བརྩམ་པའི་སྐབས་ རྒྱལ་ཡོངས་ཀྱི་ སྲིད་བྱུས་དང་བཅའ་ཁྲིམས་ དེ་ལས་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་ལུགས་གཞན་ཚུ་དང་ ཆ་མཐུན་ཡོད་མེད་བལྟ་སྟེ་ འབད་དགོ་ཟེར་ གསུངས་ཡི།
བློན་ཆེན་གྱིས་ སྲིད་བྱུས་དང་ འཆར་དངུལ་གྱི་ དབང་ཚད་ཕྱིར་སྤེལ་ དེ་ལས་ འཆར་གཞིའི་དབང་ཚད་ཕྱིར་སྤེལ་ཚུ་ སྔར་བ་ལྷགཔ་སྦེ་ རྒྱ་སྐྱེད་འབད་དགོ་པ་ཅིན་ རྫོང་བདག་ཚུ་གིས་ ལཱ་ལེགས་ཤོམ་སྦེ་ འབད་དགོ་ཟེར་གསུངས་ཡི།
སྲིད་བྱུས་ཀྱི་ དབང་ཚད་ཕྱིར་སྤེལ་ཐད་ཁར་ བློན་ཆེན་གྱིས་ རྫོང་ཁག་ཚོགས་འདུའི་ནང་ སྲིད་བྱུས་སྣ་ཚོགས་ གྲོས་བསྟུན་འབད་དེ་ ཆ་འཇོག་འགྲུབ་པའི་སྐབས་ ས་གནས་ཁག་གི་ གནས་སྟངས་དང་འཁྲིལ་ སྲིད་བྱུས་ཁག་མ་འདྲཝ་ བརྩམ་ནི་དེ་ཡང་ ཁག་ཆེ་ཟེར་གསུངས་ཡི།
དབང་ཚད་ཕྱིར་སྤེལ་གྱི་ དབང་དུ་བཏང་པ་ཅིན་ རྫོང་ཁག་དང་རྒྱལ་ཡོངས་ དེ་ལས་ ལུང་ཕྱོགས་ལུ་ གཙོ་བོར་བཟུང་སྟེ་ དམིགས་བསལ་གྱི་ སྲིད་བྱུས་བརྩམ་ནི་དེ་ཡང་ ཁག་ཆེ་བས་ཟེར་གསུངས་ཡི།
བློན་ཆེན་གྱིས་ རྫོང་བདག་དང་ ཞི་གཡོགཔ་ཚུ་གིས་ ལཱ་ལེགས་ཤོམ་འབད་ཡོདཔ་ལས་ འཆར་གཞི་༡༡ པའི་ གྲུབ་འབྲས་དེ་ ལེགས་ཤོམ་ཐོན་མི་ལུ་ དགའ་ཚོར་ཡོད་ཟེར་ གསུངས་པའི་ཁར་ ད་ཚུན་ རྫོང་ཁག་༡༥ ནང་ འཆར་གཞི་༡༡ པའི་ གྲུབ་འབྲས་སྙན་ཞུ་ ཕུལ་ཚར་ཡི་ཟེར་གསུངས་ཡི།
འཆརག་ཞི་༡༡ པའི་ནང་ དབང་ཚད་ཕྱིར་སྤེལ་ རྒྱ་སྐྱེད་བཏང་མི་དེ་གིས་ ལཱ་ཐེབས་བྱིན་ཡོད་རུང་ གྲུབ་འབྲས་ཚུ་ རེ་བ་ལས་ལྷག་སྟེ་ གྲུབ་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ དམིགས་ཡུལ་སྣ་ཚོགས་ཡོད་པའི་སྐོར་ལས་ མི་སེར་ཚུ་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་དགོ་པ་ཅིན་ དབང་ཚད་ཕྱིར་སྤེལ་བྱིན་ནི་དེ་ ཁག་ཆེཝ་ལས་ འཆར་གཞི་༡༢ པའི་ནང་ ཧེང་སྐལ་ར་ རྒྱ་སྐྱེད་འབད་ནི་ཨིནམ་ལས་ དེ་ཡང་ རྫོང་བདག་ཚུ་ལུ་ རག་ལས་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
འཆར་གཞི་༡༡ པའི་ མ་དངུལ་གྱི་ཐད་ལུ་ རྒེད་འོག་གོང་འཕེལ་གནང་བྱིན་སྦེ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༢ རེ་བགོ་བཀྲམ་འབད་མི་ལས་ གྲུབ་འབྲས་ལ་ལོ་ ལེགས་ཤོམ་མ་ཐོན་རུང་ མང་ཤོས་ར་ མཐར་འཁྱོལ་བྱུང་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་ ས་གནས་གཞུང་དང་ གཞུང་ལྟེ་བའི་བར་ན་ འཆར་གཞི་༡༢ པའི་ནང་ གསར་སྒྲུབ་ཀྱི་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༥༨ རེ་ འདྲན་འདྲ་བཞག་ཡོདཔ་བཞིན་དུ་ བགོ་བཀྲམ་འབད་ནི་དེ་ཡང་ རྫོང་ཁག་ག་ར་ལུ་ འདྲན་འདྲ་སྦེ་ འཐོབ་ཚུགས་པའི་ མ་དངུལ་ངོས་འཛིན་འབད་དེ་ཡོད་ཟེར་གསུངས་ཡི།
རྒེད་འོག་རེ་ལུ་ དངུལ་ཀྲམ་ས་ཡ་༡༠ རེ་བཞག་མི་དེ ཡར་སེང་འབད་དགོཔ་ ཡོད་མི་དེ་ཡང་ རྒེད་འོག་སྦོམ་ཆུང་མ་ཕྱེ་བར་ འདྲན་འདྲ་འཐོབ་ནི་དང་ རྫོང་ཁག་སྦོམ་དང་ དབུལ་ཕོངས་ཀྱི་ དཀའ་ངལ་མངམ་ཡོད་མི་ཚུ་ནང་འབད་བ་ཅིན་ མ་དངུལ་ཡང་ མངམ་འཐོབ་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་འབད་བ་ཅིན་ མ་དངུལ་ཚུ་ག་ར་ ལྷན་ཁག་ལུ་ བཞག་ནི་ཡོདཔ་ཨིན་རུང་ ད་ལས་ཕར་ གཞུང་ལྟེ་བ་གིས་ གནང་བྱིན་སྦེ་ བྱིན་དགོཔ་སྦེ་ འཆར་གཞི་༡༢ པའི་ཟིན་བྲིས་ནང་ བཀོད་དེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ རྫོང་ཁག་ལ་ལུ་ གོང་འཕེལ་སོང་སྟེ་ཡོད་པའི་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་ཡོད་རུང་ ལ་ལོ་ནང་ མ་ལྷོད་པར་ཡོད་མི་ཡང་འདུག་ཟེར་ཨིན་པས།
རྫོང་ཁག་དེ་ཚུ་གི་དོན་ལུ་ གསར་སྒྲུབ་མ་དངུལ་བྱིན་མི་དེ་ ལག་ལེན་འཐབ་དགོ་པ་ཅིན་ གསར་སྒྲུབ་ཀྱི་ ལཱ་འབད་མི་ཚུགས་ནི་ཨིནམ་ལས་ དེ་གི་དོན་ལུ་ཡང་ གཞི་རྟེན་མཐུན་རྐྱེན་ཉུང་མཐའ་ཡོད་མི་ རྫོང་ཁག་དང་ རྒེད་འོག་ཚུ་ ངོས་འཛིན་འབད་ཡོད་མི་ཚུ་གིས་ གཞི་རྟེན་མཁོ་སྒྲུབ་དང་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་སོ་སོར་སྦེ་ར་ བཞག་སྟེ་ཡོད་ཟེར་ཨིན་པས།
རྒེད་འོག་རེ་གིས་ ཤུལ་བཞག་གི་ ལཱ་འབད་དེ་མེདཔ་ལས་ འཆར་གཞི་༡༢ པའི་ནང་ རྒེད་འོག་རེ་གིས་ ལས་འགུལ་རེ་ འགོ་འདྲེན་འཐབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠ བཞག་སྟེ་ཡོདཔ་བཞིན་དུ་ ལཱ་དེ་ཚུ་ ལྟ་རྟོག་འབད་ནི་དེ་ཡང་ རྫོང་ཁག་གིས་ འབད་དགོཔ་སྦེ་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ གཞི་རྟེན་མཐུན་རྐྱེན་ཉུང་མཐའ་ཡོད་མི་ རྫོང་ཁག་དང་ རྒེད་འོག་གི་དོན་ལུ་ མ་དངུལ་བཞག་ནིའི་ འཆར་གཞི་ཡོད་མི་དེ་ལུ་ རྫོང་བདག་ཚུ་གིས་ བཏུབ་མ་བཏུབ་ཚུ་བལྟ་སྟེ་ གྲོས་བསྟུན་འབད་དགོཔ་བཞིན་དུ་ ལས་འགུལ་གྱི་ ལཱ་ཚུ་ཡང་ ག་དེ་སྦེ་ ངོས་འཛིན་འབད་ནི་ཨིན་ན་ཚུ་ཡང་ ཟིན་འབྲི་བཏབ་སྟེ་ ལམ་སྟོན་བཟོ་དགོཔ་སྦེ་གསུངས་ཡི།
ས་གནས་གཞུང་ནང་ མི་སྟོབས་ཁག་ཆེཝ་ལས་ དེ་གི་དོན་ལུ་ཡང་ རྫོང་བདག་ཚུ་གིས་ གྲོས་འདེབས་འབད་མི་ཚུ་ ཟིན་བྲིས་ནང་བཙུགས་ནིའི་ འཆར་གཞི་ཡོད་ཟེར་གསུངས་ཡི།
སྤྱི་ཟླ་༦ པའི་ཚེས་༡༡ ལས་༡༣ ཚུན་ འགོ་འདྲེན་འཐབ་མི་ ཞལ་འཛོམས་སྐབས་ སྤྱི་མཐུན་གྱི་གནད་དོན་ཚུ་ལུ་ གྲོས་བསྟུན་འབད་ནི་ཨིན་པའི་ཁར་ གཞུང་ལྟེ་བའི་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་དེ་ ས་གནས་གཞུང་གི་ གནས་ཚད་ནང་ སྲིད་བྱུས་ལག་ལེན་འཐབ་པའི་སྐབས་ གདོང་ལེན་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ནི་ཨིན་པས།
གཞུང་ལྟེ་བ་གིས་ རྫོང་བདག་ཚུ་ལུ་ ས་གནས་གཞུང་ལས་ སྲུད་བྱུས་གསརཔ་དང་ འགོ་འདྲེན་འཐབ་ནིའི་ནང་ རྒྱབ་སྐྱོར་ག་ཅི་ར་ དགོཔ་ཡོདཔ་ཨིན་ན་ གོ་བརྡ་སྤྲོད་ནི་ཨིནམ་ད་ ས་གནས་གཞུང་དང་ དབང་ཚད་ཕྱིར་སྤེལ་ཟེར་བའི་བརྗོད་དོན་ཐོག་ གསུང་གྲོས་གནང་མི་ ཞལ་འཛོམས་དེ་ནང་ རྫོང་བདག་༡༥ གིས་ བཅའ་མར་གཏོགས་ཏེ་འདུག།
ད་རིས་ རྫོང་བདག་ཚུ་གིས་ ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྡུར་འབདཝ་ད་ ལས་གཡོགཔ་ཚུ་ གནས་སོར་དང་ ངལ་གསོ་འགྱོ་བའི་སྐབས་ ཚབ་བཙུགས་འབད་ནི་དང་ རྫོང་ཁག་གི་ ལས་བྱེདཔ་གནས་སྟངས་ ལོག་བལྟ་དགོཔ་ རྫོང་ཁག་མཐའ་འཁོར་གནས་སྟངས་ཡིག་ཚང་ཚུ་ནང་ ལས་བྱེདཔ་ཐེབས་དགོ་ནི་ རྫོང་ཁག་སྨན་ཁང་ཚུ་ནང་ ཌོག་ཊར་ཐེབས་དགོ་ནི་ སྨན་ཁང་ཚུ་ནང་ བདག་སྐྱོང་འགོ་དཔོན་དང་ བརྡ་དོན་འཕྲུལ་རིག་འགོ་དཔོན་ཚུ་དགོཔ་ཡོད་མི་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཞབས་ཏོག་ ཚུ་ ཁག་འབག་ཐོག་ལུ་ སྤྲོད་ནིའི་སྐོར་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *