འཆར་དངུལ་དེ་ལས་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢༠ བཞག་ནུག།
༉ ལོ་ལྔའི་འཆར་གཞི་༡༢ པའི་ནང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ནིའི་དོན་ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༢༠ དེ་ཅིག་ བཞག་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ཐིམ་ཕུག་རྫོང་ཁག་གི་ འཆར་གཞི་༡༡ པ་མཇུག་བསྡུའི་ གྲུབ་འབྲས་སྙན་ཞུའི་ ཞལ་འཛོམས་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།
མ་གཞི་ མི་སེར་དམངས་གཙོ་ཚོགས་པ་གིས་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཚར་༢ ཡར་འབད་ནི་ ཁས་བླངས་འབད་ཡོད་རུང་ ད་རེས་ འབད་མ་ཚུགས་མི་དེ་ཡང་ རྒྱལ་ཁབ་ནང་ བཟོ་སྐྲུན་འབད་ཡོད་མི་ གློག་མེ་འཕྲུལ་ཁང་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཨིན་རུང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་ དངུལ་ཕོགས་ཚར་༢ དེ་ཅིག་ ཡར་སེང་འབད་ཚུགས་ཅི་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་དངུལ་ཀྲམ་ཐེར་འབུམ་༥༣ དེ་ཅིག་ གནས་དོ་ཡོད་རུང་ འཆར་གཞི་༡༢ པའི་ནང་ ཞི་གཡོག་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢༠ ཐེབས་བཞག་སྟེ་ཡོད་ཟེར་ཨིན་པས།
འཆར་གཞི་༡༢ པའི་ནང་ ཞི་གཡོགཔ་ཚུ་གི་དོན་ལུ་ འཆར་དངུལ་ཐེར་འབུམ་༧༣ བཞག་མི་ལས་ དངུལ་ཀྲམ་ཐེར་འབུམ་༢༠ དེ་ དངུལ་ཕོགས་ཡར་སེང་གི་དོན་ལུ་ཨིན་པས།
ཞི་གཡོགཔ་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ཡང་ འཆར་གཞི་༡༢ པའི་ལོ་དང་པའི་ནང་ལས་ར་ ཡར་སེང་འབད་ཚུགས་ཟེར་ཨིན་པས།
འཆར་གཞི་༡༢ པའི་ ཟིན་བྲིས་དང་འཁྲིལཝ་ད་ ཤེས་རིག་སྡེ་ཚན་གྱི་དོན་ལུ་ མ་དངུལ་ཐེར་འབུམ་༤༨.༨ དང་ གསོ་བ་ནང་ དངུལ་ཀྲམ་ཐེར་འབུམ་༢༧.༩༨ སོ་ནམ་དང་ སྒོ་ནོར་ནང་ དངུལ་ཀྲམ་ཐེར་འབུམ་༢༡.༩ དེ་ལས་ ལམ་སེལ་སྡེ་ཚན་ དངུལ་ཀྲམ་ཐེར་འབུམ་༡༦.༣ དང་ ལམ་སྲོལ་སྡེ་ཚན་ནང་ དངུལ་ཀྲམ་ཐེར་བུམ་༩.༦༨ དེ་ཅིག་ བཞག་ནུག།
དེ་ལས་ གཞུང་གིས་ འཆར་གཞི་༡༢ པའི་ནང་ རྒྱལ་ཡོངས་ཀྱི་ ལས་འགུལ་གཙོ་ཅན་ཁག་༧ དེ་ཅིག་ ངོས་འཛིན་འབད་དེ་ཡོདཔ་བཞིན་དུ་ ས་གནས་གཞུང་ཚུ་ནང་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་ བཞག་ཡོདཔ་ལས་ རྫོང་ཁག་རེ་གིས་ དངུལ་ཀྲམ་ས་ཡ་༡༠༠ རེ་ འཐོབ་ཚུགས་ནི་ཨིན་པས།
རྒྱལ་ཡོངས་ཀྱི་ ལས་འགུལ་གཙོ་ཅན་ཚུ་ཡང་ འཆར་གཞི་༡༢ པའི་ནང་འཁོད་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཐུང་ཆུ་དེ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནི་དང་ རང་བཞིན་གྱི་སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ ལྟ་བཤལ་ སློབ་གྲྭ་ལྟེ་བ་ བརྡ་དོན་འཕྲུལ་རིག་ ལ་ཁ་མཐོ་ས་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་ དེ་ལས་ རྒེད་འོག་རེ་ལས་ ཐོན་སྐྱེད་རེ་འབད་ནི་ཚུ་ནང་ གཙོ་རིམ་བཟུང་ནིའི་དོན་ལས་ ངོས་འཛིན་འབད་ཡོདཔ་བཞིན་དུ་ གཙོ་རིམ་ཅན་གྱི་ ལས་འགུལ་ཚུ་ནང་ འཆར་དངུལ་ཡང་ ལོགས་སུ་སྦེ་ དངུལ་ཀྲམ་ཐེར་འབུམ་༡༧ དེ་ཅིག་ བཞག་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ལས་རིམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཆར་གཞི་༡༢ པའི་ ཟིན་བྲིས་སྐོར་ལས་ སྙན་ཞུ་འབད་མིའི་ནང་ འཆར་གཞི་༡༡ པའི་ གཞུང་ལྟེ་བ་ཚུ་གི་ འཆར་དངུལ་བགོ་བཀྲམ་ དངུལ་ཀྲམ་ས་ཡ་ ཐེར་འབུམ་༤༨ ལུ་ མར་ཕབ་འབད་ཞིནམ་ལས་ ས་གནས་གཞུང་གི་ འཆར་དངུལ་དེ་ ཐེར་འབུམ་བརྒྱ་ཆ་༧༧ དེ་ཅིག་ལུ་ ཡར་སེང་འབད་དེ་ཡོད་ཟེར་ཨིན་པས།
དངུལ་ཀྲམ་ཐེར་འབུམ་༡༩ དེ་ རྒྱལ་ཡོངས་ལས་འགུལ་གཙོ་ཅན་གྱི་ འཆར་དངུལ་སྦེ་ བགོ་བཀྲམ་ཐོག་ལས་ འཆར་གཞི་༡༢ པའི་ནང་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༣༣༦ དེ་ཅིག་ བཞག་ཡོདཔ་ད་ འཆར་གཞི་༡༡ པའི་ནང་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༢༢༣ ལས་བརྒལ་ བགོ་བཀྲམ་མ་འབད་བས།
བློན་ཆེན་གྱིས་འབད་བ་ཅིན་ འཆར་གཞི་༡༡ པའི་ནང་ རྫོང་ཁག་ཚུ་ནང་ འཆར་དངུལ་ཚུ་ འདྲ་མཉམ་མེདཔ་ཨིན་རུང་ འཆར་གཞི་༡༢ པའི་ནང་འབད་བ་ཅིན་ ཉུང་ཤོས་ར་ མ་དངུལ་ས་ཡ་༣༠༠ འཐོབ་ནི་སྦེ་ བཟོ་སྟེ་ཡོད་པའི་ཁར་རྒེད་འོག་ནང་བྱིན་མ་དངུལ་ཡང་ དངུལ་ཀྲམ་ས་ཡ་༢ ལས་ ས་ཡ་༥ ལུ་ ཡར་སེང་འབད་དེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་སྡེ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༣༠༠ བཞག་སྟེ་ཡོདཔ་ད་ མཐུན་རྐྱེན་བགོ་བཀྲམ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༣༡.༩༧ དེ་ལས་ སྤྱིར་བཏང་གཞི་རྟེན་མཁོ་ཆས་ནང་ དངུལ་ཀྲམ་ཐེར་འབུམ་༡༧ དེ་ཅིག་ བཞག་སྟེ་ཡོད་ཟེར་ ལས་རིམ་འགོ་དཔོན་གྱིས་ ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཆར་གཞི་༡༡ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢༢༣.༧ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་མ་ཚད་ འོང་འབབ་ཡང་ དངུལ་ཀྲམ་ཐེར་བུམ་༡༩༦.༦ དེ་ཅིག་ བཟོ་སྟེ་ཡོད་ཟེར་གསུངས་ཡི།
དེ་ལས་ འཆར་གཞི་༡༡ པ་དང་ཕྱདཔ་ད་ རྒྱ་གར་གྱི་ཏི་རུ་ རུ་པི་གསོག་འཇོག་དེ་ དངུལ་ཀྲམ་ཐེར་འབུམ་༢༧.༥༩ དེ་ཅིག་ ཡར་སེང་འབད་དེ་ཡོདཔ་ད་ རྒྱལ་ཁབ་ཀྱི་ བུ་ལོན་ཡང་ དངུལ་ཀྲམ་ཐེར་འབུམ་༡༧༠ དེ་ཅིག་ ཡར་འཕར་སོང་བའི་སྐོར་ལས་ དོགས་སེལ་གནང་ཡི།
བློན་ཆེན་གྱིས་ ཐིམ་ཕུག་རྫོང་ཁག་གི་ འགོ་དཔོན་དང་ གོ་ཤེས་ཉན་ཤེས་ཚུ་ལུ་ ད་རེས་ རྒྱལ་ཁབ་ཀྱི་ བུ་ལོན་ཡར་སེང་སོང་མི་དེ་ཡང་ གློག་མེ་འཕྲུལ་ཁང་ལུ་བརྟེན་ཨིནམ་ལས་ ཚ་གྱང་ལང་དགོཔ་ཨིན་རུང་ རྣམ་རྟོག་ལང་ནི་ མི་འོང་ཟེར་གསུངས་ཡི།
ཞལ་འཛོམས་སྐབས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་སྡེ་ལུ་ བསྒྱུར་བཅོས་འབད་ནི་དང་ བསམ་རང་གི་ སྒོ་ནོར་ཐོན་སྐྱེད་ལྟེ་བ་ སློབ་གྲྭ་ལྟེ་བ་ཚུ་གི་སྐོར་ལས་ཡང་ དོགས་སེལ་གནང་ཡོདཔ་བཞིན་དུ་ ལོ་༥ འི་འཆར་གཞི་མཇུག་བསྡུའི་ སྙན་ཞུ་ཕུལ་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།