སྤྱི་ཚོགས་གསུམ་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་འགོ་དང་པ་ འཚོགས་པའི་སྐབས་ བློན་ཆེན་གྱིས་ འཆར་གཞི་༡༢ པའི་ ལས་སྣ་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

འཆར་གཞི་༡༢ པའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢༥ དེ་ཅིག་ ནང་འཁོད་དངུལ་འབྲེལ་གཙུག་སྡེ་ལས་བསྐྱི་ནི།

༉ ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༢༩ དེ་ཅིག་ ཆད་ལུས་ འཐོན་ནི་ཨིན་མི་ལས་ གཞུང་གིས་ ཐེར་འབུམ་༢༥ དེ་ཅིག་ ནང་འཁོད་ཀྱི་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ལས་ བསྐྱི་ལེན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
མ་དངུལ་གྱི་ ཆད་ལུས་རྩིས་དེབ་དེ་ ནང་འཁོད་ལས་ཐོན་མིའི་ འོང་འབབ་དང་ ཕྱི་རྒྱལ་གྱིས་ གྲོགས་རམ་འབད་མིའི་ མ་དངུལ་ཚུ་ རྩིས་རྐྱབ་པའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འགོ་དང་པ་འཚོགས་པའི་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤད་ཅི།
འདི་བཟུམ་གྱི་ ཆད་ལུས་ཐོན་མི་དེ་ཡང་ འཆར་གཞི་༡༢ པའི་ནང་ ཟད་རྩིས་དངུལ་ཀྲམ་ཐེར་འབུམ་༣༡༠ དེ་ཅིག་གནས་ནིའི་ ཚོད་རྩིས་འབད་ཡོད་མི་ལུ་བརྟེན་ཨིན་པས།
དངུལ་རྩིས་བློན་པོ་གིས་ བཤད་མིའི་ནང་ འཆར་གཞི་༡༢ པའི་དོན་ལུ་ འཆར་དངུལ་ཐེར་འབུམ་༣༡༠ དེ་ཅིག་ ཚོད་རྩིས་འབད་མི་ལས་ ནང་འཁོད་དངུལ་ཁང་ཚུ་ལས་ ཐེར་འབུམ་༢༥ བསྐྱི་ནི་དང་ ཐེར་འབུམ་༤ དེ་ ཨེ་ཤི་ཡཱན་ གོང་འཕེལ་དངུལ་ཁང་དང་ འཛམ་གླིང་དངུལ་ཁང་གིས་ སྐྱེད་མེདཔ་སྦེ་ གྲོགས་རམ་ཐོབ་སྟེ་ ཡོད་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་ འཆར་དངུལ་གྱི་ ཆད་ལུས་ཡོད་མི་ལུ་ ད་ལྟོ་ ཐབས་ཤེས་དེ་ཚུ་ ངོས་འཛིན་འབད་དེ་ བཞག་ཡོདཔ་ཨིན་རུང་ འཆར་གཞིའི་ལཱ་ཚུ་ འབད་དེ་འགྱོ་བའི་བསྒང་ལས་ ཕྱིའི་གྲོགས་རམ་གསརཔ་ཚུ་ཡང་ འཐོབ་ནིའི་རེ་བ་ཡོདཔ་བཞིན་དུ་ འཆར་གཞི་དང་འཁྲིལ་ ཐབས་ལམ་ཚུ་ བཏོན་ཚུགསཔ་འོང་ཟེར་ བཤད་ཅི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གཞུང་གིས་ ནང་འཁོད་ཀྱི་ དངུལ་འབྲེལ་གཙུག་སྡེ་ཚུ་ལས་ དངུལ་མང་སུ་བསྐྱི་ནིའི་ འོས་འབབ་ཡོད་པའི་ཁར་ ད་ལྟོ་ ཕྱི་ཁ་ལས་ དངུལ་བསྐྱི་ནིའི་ ངོས་འཛིན་འབད་འབདཝ་མེད་རུང་ འོས་འབབ་ཡོད་མིའི་དངུལ་འབྲེལ་ཡང་ ལེ་ཤ་ཡོདཔ་ལས་ གཞུང་གིས་ ལྕོགས་གྲུབ་གཏོན་ནིའི་ ཐབས་ལམ་སྦོམ་ར་ འདུག་ཟེར་གསུངས་ཡི།
འཆར་དངུལ་དང་ འཆར་གཞི་ཚུ་ག་ར་ གྲ་སྒྲིག་འབད་དེ་ཡོད་པ་ཅིན་ གཞུང་གིས་ འབད་དགོ་པའི་ ཕྱག་ལཱ་ག་ནི་ཡང་ མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་།

བློན་ཆེན་གྱིས་ གཞུང་སྐྱོང་ཚོགས་པ་གིས་ བཙག་འཐུའི་སྐུལ་བསྒྲགས་འབད་བའི་སྐབས་ གཙོ་རིམ་ཅན་གྱི་ ཁས་བླངས་འབད་མི་ ཨ་ལོ་སྐྱེས་བའི་སྐབས་ཀྱི་ ངལ་གསོ་དང་ ཨ་ལོ་ལུ་ ཨོམ་བྱིན་ནིའི་འཐུས་ རྫོང་ཁག་ག་རའི་ནང་ མཁས་མཆོག་རེ་དང་ ཁོང་ནད་བརྟག་དཔྱད་འཕྲུལ་ཆས་ ཨལ་ཊ་སཱའུན་དང་ ཨེན་ཌོསི་ཀོ་པི་རེ་བཙུགས་ནི་ དེ་ལས་ ཡོངས་འབྲེལ་ཝའི་ཕའི་གི་ ཞབས་ཏོག་བྱིན་ནིའི་ ཁས་བླངས་འབད་མི་ཚུ་ འཆར་དངུལ་དེ་ནང་ ཚུད་དེ་མེད་ཟེར་ གསུངས་ཡི།
ཁས་བླངས་དེ་ཚུ་ག་ར་ བསྒྲུབ་ནིའི་དོན་ལུ་ ལོ་༥ འི་རིང་ ལཱ་འབད་ནིའི་ དུས་ཚོད་ཡོདཔ་ལས་ འཆར་དངུལ་དེ་ ད་ལྟོ་ ཚོད་རྩིས་བཏོན་ཡོད་མི་ དངུལ་ཀྲམ་ཐེར་འབུམ་༣༡༠ མེན་པར་ དེ་བ་ལྷགཔ་སྦེ་ དངུལ་ཀྲམ་ཐེར་འབུམ་༤༠ དེ་ཅིག་ལུ་ཡང་ ཡར་སེར་འགྱོ་སྲིད་ཟེར་ གསུངས་ཡི།
དེ་འབདཝ་ལས་ འཆར་གཞིའི་ལཱ་ཚུ་ འབད་བའི་སྐབས་ གྲོགས་རམ་འབད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་དང་ མཐུན་ལམ་བཟོ་སྟེ་ མཐུན་རྐྱེན་ཚུ་ མང་སུ་མང་སུ་ འཐོབ་ཚུགས་འོང་ཟེར་ གསུངས་ཡི།
འཆར་གཞི་༡༢ པ་ནང་ འབྲུག་རྒྱལ་ཁབ་དེ་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་ཐོན་འབད་དེ་ འོང་འབབ་བར་མ་བཟོ་མིའི་ རྒྱལ་ཁབ་ཀྱི་གྲས་ཁར་ མ་འཛུལ་བའི་ཧེ་མར་ འཆར་གཞི་མཇུག་བསྡུ་ནི་ཨིནམ་ལས་ དམིགས་བསལ་གྱི་ འཆར་གཞི་བཟོ་སྟེ་ ཡོདཔ་ཨིན་པས།
བློན་ཆེན་གྱིས་ འཆར་གཞི་༡༢ པ་དེ་ ཧ་ལམ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ གསུངས་ཡི།
ཁ་ཙ་ ཞལ་འཛོམས་འཚོགས་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ཡང་ བཅའ་མར་གཏོགས་ནིའི་དོན་ལུ་ འབོ་ཡོད་རུང་ ཁོ་ར་ བུམ་ཐང་ལུ་སོང་ཡོདཔ་ལས་ ལྷོད་མ་ཚུགསཔ་ཨིན་པས།
བློན་ཆེན་གྱིས་ དེ་ཁར་འཛོམས་མི་ཚུ་ལུ་ གཞུང་དང་ ལྡོག་ཕྱོགས་དེ་ འབྲེལ་བ་མེདཔ་སྦེ་མེན་པར་ གཅིག་ཁར་ལཱ་འབད་ནི་དེ་ ཁག་ཆེཝ་ཡོདཔ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ཡང་ འབོ་ཡི་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *