༉ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ དངོས་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ འགྲོ་བ་མི་ཡོངས་ཀྱི་ བརྩི་མཐོང་ཚུ་ སློབ་སྟོན་འབད་མི་དེ་ ཇི་བཱན་ བི་དི་ཡ༌ཟེར་མིའི་ནང་ལས་བཏོན་ཏེ་ སློབ་སྟོན་འབད་བའི་སྐོར་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ ཉོགས་བཤད་བཀོད་མི་དེ་ མི་བདེན་ཟེར་ཨིན་པས།
ཇི་བཱན་ བི་དི་ཡ༌དེ་ཡང་ ཤྲི་རི་ཨེ་ ན་ག་རཱཇ་གིས་ བརྩམས་ཡོདཔ་ད་ མཐོ་རིམ་སློབ་གྲྭ་ཚུ་ནང་ འགྲོ་བ་མི་ཡོངས་ཀྱི་ བརྩི་མཐོང་ཚུ་ཡང་ སྤྱི་ལོ་༢༠༡༢ ལས་ མི་སྡེའི་བརྩི་མཐོང་ཐོག་ལུ་ སློབ་སྟོན་འབད་ནི་ འགོ་བཙུགས་ནུག།
གཙོ་འཛིན་འོགམ་གིས་ སླབ་མིའི་ནང་ འགྲོ་བ་མིའི་ བརྩི་མཐོང་དེ་ཡང་ འགྲོ་བ་མི་ཡོངས་ཀྱི་ གཞི་རྟེན་བརྩི་མཐོང་དང་འཁྲིལ་ཨིནམ་བཞིན་དུ་ སློབ་གྲྭ་ཚུ་ནང་ སྦྱོང་ཚན་ཐོག་ལས་ སློབ་སྟོན་འབདཝ་མེན་པར་ རྒྱལ་ཁབ་ནང་འཁོད་ལས་ མཐོ་རིམ་སློབ་གྲྭ་ནང་ སློབ་སྦྱོང་འབད་བར་ འགོ་དང་པ་འོང་མི་ ལོ་ངོ་དང་པའི་ སློབ་ཕྲུག་ཚུ་ལུ་ གོམས་འདྲིས་ལས་རིམ་ ཡང་ཅིན་ གོ་བསྡུར་ཞལ་འཛོམས་བཟུམ་ཅིག་སྦེ་ བདུན་ཕྲག་༡ དང་༢ དེ་ཅིག་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲོ་བ་མི་ཡོངས་ཀྱི་ གཞི་རྟེན་གྱི་བརྩི་མཐོང་ དཔེར་ན་ ཐ་དམ་ཚིག་དང་ ལས་རྒྱུ་འབྲས་ གུས་ཞབས་ ཡང་དག་པའི་མཐོང་སྣང་དང་ ཡང་དག་པའི་རྟོགས་པ་ དགའ་བ་དང་ སྙིང་རྗེ་ ཕན་སེམས་ བློ་གཏད་ དེ་ལས་ བྱམས་པ་དང་ བརྩེ་བ་ལ་སོགས་པ་ཚུ་ སློབ་སྟོན་འབདཝ་ཨིན་རུང་ ལྟ་བ་དང་ གྲུབ་མཐའ་ཚུ་ སྟོན་ནི་མེད་ཟེར་ཨིན་པས།
འགྲོ་བ་མི་ཡོངས་ཀྱི་ བརྩི་མཐོང་དེ་ མཐོ་རིམ་སློབ་གྲྭའི་ སྦྱོང་ཚན་ནང་ བཙུགས་ནི་ལུ་ འོས་འབབ་མེད་པའི་ཁར་ ངོས་ལེན་ཡང་ འབད་དེ་མེདཔ་ཟེར་ དོངས་གྲུབ་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ བརྩི་མཐོང་གཞི་བཙུགས་འབད་མི་དེ་ཡང་ ན་གཞོན་ཚུ་ མཐོ་རིམ་སློབ་གྲྭ་ནང་ རྒྱབ་ཁུངས་སོ་སོར་ལས་ འོང་ནི་དེ་གི་གིས་ ཁོང་གིས་ བསམ་སྤྱོད་ཚུ་ ལེགས་བསྒྱུར་འབད་ནིའི་དོན་ལུ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨིན་རུང་ སློབ་ཕྲུག་ཚུ་གིས་ སློབ་སྦྱོང་འབད་མི་དེ་ གཞི་རྟེན་བརྩི་མཐོང་རྐྱངམ་གཅིག་མ་གཏོགས་ ཆོས་དང་ ལྟ་བ་ལ་སོགས་པ་ཚུ་ གཏིང་ཟབ་སྦེ་ ལྷབ་ནི་མེད་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ བཀོད་དོ་བཟུམའབད་བ་ཅིན་ ཇི་བཱན་ བི་དི་ཡ་ལས་བཏོན་པའི་ འགྲོ་བ་མི་ཡོངས་ཀྱི་ བརྩི་མཐོང་ཚུ་ ནང་པ་དང་ འབྲེལ་བ་ཡོདཔ་སྦེ་ གཞི་བཙུགས་འབད་བ་ཅིན་ ཞིབ་འཚོལ་ལེགས་ཤོམ་འབད་དགོཔ་འདུག་ཟེར་ཨིནམ་ད་ ཇི་བཱན་ བི་དི་ཡ་ཟེར་མི་དེ་ འགྲོ་བ་མི་ཡོངས་ཀྱི་ བརྩི་མཐོང་ལུ་ དགོ་ནི་ཨིན་པས།
དངོས་གྲུབ་རྡོ་རྗེ་གིས་འབད་བ་ཅིན་ ཇི་བཱན་ བི་དི་ཡ་དེ་ རྩ་གཞུང་ནང་ བཙུགས་ནི་གི་ འོས་འབབ་མེདཔ་ལས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་དེ་ དང་ལེན་མི་འབད་ནི་སྦེ་ ཐག་བཅད་དེཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བརྩི་མཐོང་དེ་ཡང་ རྒྱ་གར་ལུ་བཟུམ་སྦེ་ གཏིང་ཟབ་ཀྱི་ཐོག་ལས་ སློབ་སྟོན་འབད་ནི་མེད་པའི་ཁར་ སློབ་སྟོན་འབད་རུང་ ལཱ་ཁག་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ ཧ་གོ་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་འཁྲིལ་ཏེ་ཡོད་པའི་ ང་བཅས་རའི་ བརྩི་མཐོང་ཚུ་ ལེགས་སྦྱར་བ་ཚུ་གིས་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ གཙུག་ལག་ལེགས་སྦྱར་བ་ལས་རོགསཔ་ རྟ་མགྲིན་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁོ་གིས་ སློབ་གྲྭ་ནང་ འབྲུག་དང་འབྲེལ་བའི་ གཞི་རྟེན་བརྩི་མཐོང་ཚུ་ སློབ་སྟོན་འབདཝ་མ་གཏོགས་ ལྟ་བ་གཏིང་ཟབ་སྦེ་ཡོད་མི་ཚུ་དང་ འབྲེལ་བ་མེད་ཟེར་ཨིན་པས།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ དོགས་སེལ་འབད་མིའི་ནང་ ཤྲི་རི་ཨེ་ ན་ག་རཱཇ་གིས་བརྩམས་མི་ འགྲོ་བ་མི་ཡོངས་ཀྱི་བརྩི་མཐོང་དེ་ སློབ་གྲྭའི་རྩ་གཞུང་ནང་ མ་བཙུགས་པའི་ཁར་ ལས་རིམ་ཚུ་ནང་ཡང་ དང་ལེན་མ་འབད་བར་ཡོད་ཟེར་ཨིན་པས།
མ་གཞི་ སྤྱི་ལོ་༢༠༡༦ ལུ་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་གིས་ སློབ་གྲྭའི་རྩ་གཞུང་ཚུ་ ཡོངས་རྫོགས་སྦེ་ བསྐྱར་ཞིབ་འབད་ཡོད་རུང་ བརྩི་མཐོང་དེ་ བཙུགས་དགོ་པའི་ གནད་དོན་ག་ནི་ཡང་ མ་ཐོན་པའི་ཁར་ རྩ་གཞུང་ནང་ བཙུགས་མི་ཕར་བཞག་ མནོ་བསམ་ར་ བཏང་སྟེ་མེད་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
ད་རེས་ སློབ་གྲྭ་ཚུ་ནང་ བརྩི་མཐོང་ཤེས་ཡོན་ཟེར་ ལམ་ལུགས་སྲོལ་དང་ ལས་རྒྱུ་འབྲས་ ཐ་དམ་ཚིག་ཚུ་ སློབ་སྟོན་འབད་དོ་ཟེར་ཨིནམ་ད་ ཤེས་རིག་གྲོས་འཛོམས་ནང་ ཤེས་རིག་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་ བརྩི་མཐོང་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ བརྩི་མཐོང་ཤེས་ཡོན་གྱི་ རྩ་གཞུང་ཅིག་ བཟོ་ནི་སྦེ་ གྲོས་ཐག་བཅད་དེ་ཡོད་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།