འགྲོ་བ་མི་དང་ རི་དྭགས་སེམས་ཅན་བར་ནའི་བྲེལ་ཟིང་ སེལ་ཐབས་འབད་དགོཔ།

༉ དུས་ཚོད་འ་ནེམ་ཅིག་ཁར་ དམིགས་བསལ་དུ་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་གནས་ཚུ་ནང་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལུ་ཤོར་ཏེ་ སོ་ནམ་པ་ཚུ་ དབུགས་འགམ་བྱུང་དོ་ཡོདཔ་ཨིན་མས།

འགྲོ་བ་མི་དང་ རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ད་ གཅིག་ལས་བལྟ་བ་ཅིན་ རི་དྭགས་སེམས་ཅན་ཚུ་ སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་ལས་ གལ་ཆེཝ་སྦེ་ བརྩི་འཇོག་འབད་ནི་དེ་གིས་ཨིན་རུང་ དོན་ངོ་མ་ལུ་བལྟ་བ་ཅིན་ འདི་ལུ་ཡང་ བདེན་པ་མེད་པའི་ མངོན་གསལ་བྱུངམ་ཨིན་མས།

འདི་འབདཝ་ལས་ འབྲུག་གི་དོན་ལུ་ གཉིས་ཆ་ར་ གལ་ཆེ་དྲགས་སྦེ་ཡོདཔ་ད་ ང་བཅས་ར་ སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་དང་ རྒྱལ་ཁབ་ཀྱི་མཐའ་འཁོར་དང་ སྲོག་ཆགས་སྣ་ཚོགས་ ཉམས་སྲུང་དོན་ལུ་ འདྲ་མཉམ་ཐབས་ལམ་ཚུ་ བཏོན་དགོཔ་འདུག།

ནགས་ཚལ་ཡར་འཕེལ་འགྱོཝ་དང་བསྟུན་ སེམས་ཅན་ཚུ་ ངེས་པར་དུ་ འཚོ་ཐབས་འབད་དགོཔ་ད་ འདི་བཟུམ་སྦེ་ ང་བཅས་རའི་ ཞིང་པ་ཚུ་འབད་རུང་ དཔལ་འབྱོར་ཡར་སྐྱེད་དོན་ལུ་ ལོ་ཐོག་ཚུ་ རྒྱ་ཆེར་འཛུགས་སྐྱོང་འབད་ནི་དེ་ མེད་ཐབས་མེདཔ་ཅིག་ཨིན་མི་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཉམས་མྱོང་ལེ་ཤ་ཐོབ་སྟེ་ཡོད།

ལོ་ཐོག་མེདཔ་བཏང་སྟེ་ ཉམས་རྒུད་བྱུང་མི་ཚུ་གི་དོན་ལུ་ རྒུད་འཐུས་སྤྲོད་ནིའི་ ལམ་ལུགས་དེ་ལུ་ བྱ་རིམ་མང་ནི་དེ་གིས་ རྩ་ལས་ར་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ཁར་ གློག་ཐག་ར་བ་དེ་ཡང་ ས་གནས་ལ་ལོ་ཅིག་ནང་ འཐུས་ཤོར་བྱུང་སྟེ་འདུག།

སོ་ནམ་པ་ཚུ་ལུ་ འདི་བཟུམ་མའི་ དཀའ་ངལ་བྱུང་སྟེ་འབད་རུང་ ཁོང་རང་ འཚོ་སྐྱོང་འཐབ་དགོ་ནི་དེ་གིས་ ཐབས་མེད་གདོང་ལེན་འབདཝ་ད་ འཕྲལ་འཕྲལ་ སྲོག་དང་བྲལ་བའི་ ཉེན་ཁ་བྱུངམ་ཨིན་མས།

འབྲུག་གི་ལྕོགས་གྲུབ་དེ་ སོ་ནམ་ལས་སྡེ་ནང་ཨིན་རུང་ དམིགས་བསལ་དུ་ གོང་འཕེལ་འགྱོ་མ་ཚུགས་པར་ཡོདཔ་ལས་ ཐ་ན་ རྒྱལ་ཁབ་ཀྱི་ མི་འབོར་ཕྱེད་ལྷགཔ་ཅིག་གི་ འཚོ་སྐྱོང་དོན་ལུ་ཡང་ ཕན་ཐོགས་འབྱུང་མ་ཚུགས་པར་འདུག།

ཨིན་རུང་ ང་བཅས་ར་ དཔལ་འབྱོར་གོང་འཕེལ་དང་ རང་མགོ་རང་འདྲོངས་ ལཱ་གཡོག་བཟོ་ནི་ དེ་ལས་ རྒྱལ་ཡོངས་ཀྱི་དམིགས་གཏད་ལ་སོགས་པ་ཚུ་གི་དོན་ལུ་ སོ་ནམ་ལས་སྡེ་དེ་ གལ་ཆེ་བའི་སྐོར་ལས་ ལོ་རྒྱུས་ཚུ་བཤདཔ་ཨིན་མས།

འབྲུག་གིས་ སྤྱི་ལོ་༡༩༦༠ འི་སྔ་ཆ་ལུ་ འགོ་དང་པ་ གོང་འཕེལ་གྱི་འཆར་གཞི་ཚུ་ འགོ་བཙུགས་པའི་སྐབས་ལས་ར་ སོ་ནམ་ལས་སྡེ་ལུ་ དམིགས་གཏད་གཙོ་བོར་ བཟུང་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ འཆར་དངུལ་ཉུང་སུ་ཅིག་མ་གཏོགས་ ཐོབ་མ་ཚུགས་མི་ལུ་བརྟེན་ མདུན་སྐྱོད་འབད་མ་ཚུགས་ཕར་ ལུས་ཡོད་མི་དེ་ ད་ལས་ཕར་ བསྒྱུར་བཅོས་འབད་དགོཔ་འདུག།

ང་བཅས་རའི་ ཉམས་སྲུང་ཁྲིམས་ལུགས་ཚུ་ དམ་དྲགས་ཡོད་མི་ལུ་བརྟེན་ ལོ་ཐོག་གི་ རྒུད་འཐུས་ལམ་ལུགས་དེ་ མཐར་འཁྱོལ་འབྱུང་མི་ཚུགས་ནི་དང་འབྲེལ་ སོ་ནམ་པ་ཚུ་ལུ་ གདོང་ལེན་བྱུང་མི་དེ་ཡང་ འཕྲོ་མཐུད་ལུས་ནི་བཟུམ་ཅིག་འདུག།

ཁྲིམས་དང་ལམ་ལུགས་ཚུ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་མ་ཚུགསཔ་ད་ར་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ མཐར་ཐུག་ལུ་ ཁྲོམ་སྡེ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ འབྱུང་བཅུགཔ་ཨིན་མས།

རྒྱུ་མཚན་འདི་ལུ་བརྟེན་ གོང་འཕེལ་འགྱོ་མི་ ཁྲོམ་སྡེ་ཚུ་ནང་ ལཱ་གཡོག་དང་འབྲེལ་བའི་ དཀའ་ངལ་ཚུ་ མངམ་ཐོན་པའི་ཁར་ ཁྲིམས་འགལ་བྱ་ངན་འབད་མི་ཡང་ ཡར་སེང་འགྱོ་དོ་ཡོདཔ་ལས་ མི་དང་རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་དེ་ ངེས་པར་དུ་ སེལ་ཐབས་འབད་དགོཔ་འདུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *