མོང་སྒར་ཁྲོམ་ནང་ སྡོད་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་པའི་བསྒང་།

འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་ཐོབ་མ་ཚུགས་པའི་ དཀའ་ངལ།

༉ ཁ་ཙ་ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ མོང་སྒར་ཁྲོམ་ནང་ ཚོང་རྐྱབ་སྡོད་མི་དང་ སྒེར་སྡེ་ནང་ལཱ་འབད་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ གོ་ སྐབས་འཐོབ་མ་ཚུགསཔ་ལས་ སེམས་ཕམ་བྱུང་ནུག།

བསམ་རྩེ་ནོར་རྒྱས་སྒང་རྒེད་འོག་ལས་ སྐྱེས་ལོ་༣༧ ལང་མི་ བིཌ་ནི་དི་ ཤར་མ་གིས་ སླབ་མིའི་ནང་ ཞི་གཡོག་མེན་རུང་ མོང་སྒར་ཁྲོམ་ནང་ ཟ་ཁང་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལང་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་ལེན་མ་ཚུགས་ཟེར་ཨིན་པས།

སྲིད་ཚོགས་༤ ལས་ སྒྲིང་སྒྲི་༢ བཙག་འཐུ་འབད་ནིའི་དོན་ལུ་ འགོ་ཐོག་ཚོགས་རྒྱན་བཙུགས་པར་ མོང་སྒར་ལས་ བསམ་རྩེ་ཚུན་ འགྱོ་ནི་ལུ་ སྣུམ་འཁོར་དང་ ལམ་གྱི་དཀའ་ངལ་ དེ་ལས་ ཚོང་འབྲེལ་གྱི་འོང་འབབ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།

སྐྱེས་ལོ་༣༢ ལང་མི་ ཚེ་རིང་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་ཁ་ལུ་ ཚེམ་ཁང་བཙུགས་ཏེ་ བཟའ་ཚང་སྐྱོང་སྡོད་མི་ཅིག་འབདཝ་ལས་ ཚོགས་རྒྱན་བཙུགས་པར་ སི་ལམ་སྦིས་རྒེད་འོག་ཚུན་ འགྱོ་ནི་དེ་ མནོ་མ་ཚུགསཔ་མ་ཚད་ གལ་སྲིད་ ཚོགས་རྒྱན་བཙུགས་པར་འགྱོ་བ་ཅིན་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ཡང་ དཔེ་ཆ་བལྟ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།

སྣུམ་འཁོར་བཅོ་ཁང་ནང་ལཱ་འབད་མི་ དཀར་མདོག་གིས་ སླབ་མིའི་ནང་ སྲིད་ཚོགས་༤ ལས་ རང་གིས་མནོ་མི་ཅིག་ གདམ་ཁ་འབད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པར་ མོང་སྒར་ལས་ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་ཚུན་ ཉིནམ་༣ ལྷགཔ་ཅིག་ ངལ་གསོ་ལེན་ཏེ་ འགྱོ་དགོཔ་མ་ཚད་ ཟད་འགྲོ་སྦོམ་གཏང་སྟེ་ འགྱོ་དགོ་པས་ཟེར་ཨིན་པས།

མ་གཞི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ དྲི་དཔྱད་འབདཝ་ད་ འབྲི་ ཤོག་ཕཱོམ་ནང་ སྒེར་སྡེ་དང་ ཚོང་ལཱ་འབད་མི་ཚུ་ ཚུད་དེ་མེདཔ་ལས་ འགོ་དཔོན་ཚུ་གིས་ གོ་སྐབས་གནང་མ་ཚུགས་ཟེར་ ཨིན་པས།

དེ་འབདཝ་ལས་ ཁོང་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་༢༠ གི་ ས་གནས་ཐདམ་ཐད་ཁ་ ལས་ཕར་ སྒེར་སྡེ་དང་ ཚོང་ལཱ་འབད་སྡོད་མི་ཚུ་གི་དོན་ལུ་ཡང་ ཞི་གཡོགཔ་གཞན་ཚུ་བཟུམ་སྦེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཆོག་ པའི་ ཐབས་ཤེས་བཏོན་དགོཔ་ གལ་ཆེ་བས་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁ་ཙ་དྲོ་པ་ མོང་སྒར་ཕུཊ་བཱོལ་རྩེད་ཐང་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་འོང་མི་ ཨང་རྒས་སངས་རྒྱས་དབང་མོ་ གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསོལ་རས་སྦེ་གནང་མི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ ཆུད་ཟད་མ་བཏང་པར་ ཚོགས་རྒྱན་བཙུགས་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།

སྐྱེས་ལོ་༦༡ ལང་མི་ སངས་རྒྱས་དབང་མོ་དེ་ མོང་སྒར་ཁྲོམ་ནང་ ཨ་ལོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ མོ་ར་སྐྱེས་ས་ དར་དཀར་ནང་རྫོང་ཁག་ བཙན་མདའ་རྒེད་འོག་ནང་ཨིན་པས།

ཨ་ལོ་༣ གྱི་ཨའི་ཨིན་མི་ དམ་ཆོས་སྒྲོལ་མ་གིས་ སླབ་མིའི་ནང་ ད་རིས་ འགྲེམ་ཐོག་ཚོགས་རྒྱན་ཐོག་ ཚོགས་རྒྱན་བཙུགས་ ནིའི་གོ་སྐབས་ཐོབ་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ ད་ལྟོ་སྡོད་ས་ལས་ ལྷུན་རྩེ་རྒྱ་རས་རྒེད་འོག་ཚུན་ འགྱོ་མ་དགོ་པའི་ དཀའ་ ངལ་ བསལ་ཚུགས་ཅི་ཟེར་ཨིནམ་ད་ མོ་ར་ རྨགཔ་དང་གཅིག་ཁར་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ནང་ སྡོད་དོ་ཡོདཔ་ཨིན་པས།

མོང་སྒར་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ས་ཁོངས་༣ ལས་ མོང་སྒར་ཁྲོམ་ནང་ ཐོ་བཀོད་འབད་མི་༡༧༣༨ ལས་ ༥༥༧ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ རྒྱལ་པོའི་ཞིང་ཁྲོམ་ནང་ ཐོ་བཀོད་འབད་མི་ མི་༡༢༣༩ ལས་མི་གྲངས་༣༠༥ འོང་ཡོདཔ་བཞིན་དུ་ ཡ་ལྡི་ཁྲོམ་ནང་ ཐོ་བཀོད་འབད་མི་༤༩༢ ལས་༣༡ གིས་ ཚོགས་རྒྱན་བཙུགས་ནུག།

ཡོངས་བསྡོམས་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་མི་༣༤༦༩ ཡོད་མི་ལས་ ཁ་ཙ་ མི་གྲངས་༩༡༣ གྱིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *