འགྲེམ་ཐོག་ཚོགས་རྒྱན་གྱི་མཐུན་རྐྱེན་ ཡར་སེང་འབད་དགོཔ།

༉ སྤྱི་ལོ་༢༠༡༨ ལོའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་གི་ གྲུབ་འབྲས་ལུ་ལྟཝ་ད་ ཁྱད་པར་ངོ་མ་གཅིག་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ བྱུང་བྱུངམ་བཟུམ་ཅིག་འདུག།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་ སྤྱིར་བཏང་འབྲུག་མི་ཚུ་གིས་ ཁོང་རའི་ ཐོབ་དབང་ཅན་གྱི་ ཚོགས་རྒྱན་བཙུགས་ནི་ལུ་ རྒྱུད་བསྐུལ་འབད་ནིའི་དོན་ལས་ གཞི་བཙུགས་འབད་མི་མཐུན་རྐྱེན་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ཚུ་ མི་གྲངས་༡༠༨,༥༨༠ དང་ ཡང་ཅིན་ བརྒྱ་ཆ་༨༡ དེ་ཅིག་གིས་ ལག་ལེན་འཐབ་ཡོད་མི་དེ་ དཔའ་ཉམས་ཅན་ཅིག་ཨིན་མས།

དེ་འབད་བ་ལུ་བརྟེན་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་སྟེ་ཡོད་མི་ སྲིད་དོན་ཚོགས་པ་༢ ཀྱི་ ཚོགས་རྒྱན་གྲུབ་འབྲས་དེ་ཡང་ གཙོ་བོ་ར་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ཏེ་ ཁྱར་པར་ཆགས་ནུག།

མ་གཞི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ་གིས་ཡང་ བཙག་འཐུ་མཐར་འཁྱོར་བྱུང་རུང་ འབྲུག་གི་དོན་ལུ་ དེ་བཟུམ་མའི་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ གཞི་བཙུགས་འབད་ནི་དེ་ གལ་ཆེ་ཤོས་ཅིག་ཨིན་མས།

དུས་ཅི་ འགོ་ཐོག་བཙག་འཐུ་དེ་ གནམ་བྱཱར་གྱི་དུས་ཚོད་ལུ་ འགོ་འདྲེན་འཐབ་རུང་ ཁ་རྗེ་ཅིག་ལུ་བརྟེན་ གནམ་གཤིས་དང་འབྲེལ་བའི་ རྐྱེན་དང་བར་ཆད་ཚུ་ ག་ནི་ཡང་མ་བྱུངམ་ལས་ མཐའ་ཟུར་གཡུས་ཚན་ནང་ སྡོད་མི་ཚུ་གིས་ཡང་ སྤྲོ་བ་དང་འདོད་བསྐྱེད་དེ་ རྐང་ཐང་སྦེ་ ཚོགས་རྒྱན་བཙུགས་པར་འོང་ཡི།

འདས་པའི་བཙག་འཐུ་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཡར་སེང་སོང་མི་ལུ་ལྟཝ་ད་ རྒྱལ་ཁབ་ཀྱི་དོན་ལུ་ དམངས་གཙོའི་རིང་ལུགས་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ ཤེས་རྟོགས་བྱུང་བའི་ བརྡ་མཚོན་སྟོནམ་ཨིན་མས།

འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ སྒེར་སྡེ་ཚུ་ལུ་ མ་བྱིན་ནི་དེ་གིས་ ཚོང་འབྲེལ་འཐབ་མི་ཚུ་ ཚོགས་རྒྱན་བཙུགས་པར་ འགྱོ་མ་ཚུགས་མི་དེ་ཡང་ དུས་ཚོད་མ་འཐོབ་པའི་ཁར་ ཟད་འགྲོ་སྦོམ་གཏང་དགོ་ནི་དེ་གིས་ཨིནམ་ད་ གནད་དོན་འདི་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བསམ་ཞིབ་ཐོག་ ཐབས་ཤེས་འབད་དགོཔ་འདུག།

འགོ་ཐོག་བཙག་འཐུ་ནང་ སྤྱིར་བཏང་འབྲུག་མི་བརྒྱ་ཆ་༦༦.༣༦ གིས་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ ངལ་རངས་ཅན་གྱི་ བརྡ་སྟོན་ཅིག་ཨིནམ་ད་ གྱངས་ཁ་གུ་ཕབ་པ་ཅིན་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་ཆོག་མི་༡༤༧,༥༠༠ ལྷགཔ་ཅིག་ཨིན་མས།

རྒྱལ་སྤྱི་དམངས་གཙོ་དང་བཙག་འཐུའི་གྲོགས་རམ་སློབ་ཁང་གི་ སྙན་ཞུ་ནང་ འབྲུག་གི་བཙག་འཐུའི་བྱ་རིམ་ནང་ ཚོགས་རྒྱན་བཙུགས་པར་འོང་མིའི་ གྱངས་ཁ་དང་ཕྱདཔ་ད་ ལྷོ་ཨེ་ཤི་ཡ་ལུ་ ཨཱཕ་ག་ནིས་ཏཱན་དང་ པ་ཀིས་ཏཱན་ དེ་ལས་ བང་ལ་དེཤ་ལུ་ སྐྱོ་སུ་ཨིན་མི་དེ་ཡང་ ནང་གསུག་དང་ འཇིགས་སྐུལ་ དེ་ལས་ ཉེན་འཚུབས་སྦོམ་ཡོད་ནི་དེ་གིས་ཨིནམ་ད་ འབྲུག་ལུ་བཟུམ་ཅིག་འབད་བ་ཅིན་ གདོང་ལེན་ངོ་མ་དེ་ར་ འགྲེམ་ཐོག་དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ཚུ་ ག་དེ་མང་མང་ གཞི་བཙུགས་འབད་ནི་དེ་ཨིན་མས།

བརྟག་ཞིབ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ འི་ནང་འཁོད་ལུ་ འབྲུག་མི་བརྒྱ་ཆ་༥༠ གིས་ ཁྲོམ་སྡེ་ཚུ་ནང་ གཞི་བཅགས་ཏེ་སྡོད་ནི་ཨིནམ་ལས་ ཐ་ན་ བརྒྱ་ཆ་༡༠ དེ་ཅིག་ ཕྱིར་བཏོན་འབད་ཚུགས་རུང་ གྱངས་ཁ་མཐོ་སུ་སྦེ་ར་ འོང་ནི་ཨིན་མས།

ད་ལྟོ་ ང་བཅས་ར་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་གྱི་མཐུན་རྐྱེན་དེ་ ལྷག་པར་དུ་ ཡར་སེང་འབད་ཚུགས་པ་ཅིན་ མི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ ཚོགས་རྒྱན་བཙུགས་ཚུགས་ནི་ཨིནམ་ལས་ གཙོ་རིམ་བཟུང་དགོཔ་འདུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *