འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ནིའི་དོན་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ གོ་བརྡ་སྤྲོད་དགོཔ།

༉ དགེ་ལེགས་ཕུག་རྒེད་འོག་ལས་ སྐྱེས་ལོ་༡༩ ལང་མི་ དུར་ག་ཀ་ཊལ་གྱིས་ ཚོགས་རྒྱན་ས་ཁོངས་ནང་ ཚར་༢ འོང་ཞིནམ་ལས་ མོ་ག་ཅི་སྦེ་ ཚོགས་རྒྱན་བཙུགས་མ་ཆོགཔ་ཨིན་ན་ཟེར་ དྲི་དཔྱད་འབད་ནུག།
ཚོགས་རྒྱན་བཙུགས་མིའི་ ཐོ་དེབ་དང་འཁྲིལཝ་ད་ སྒེར་གྱི་སློབ་གྲྭ་ཚུ་ག་ར་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ནང་ལས་ ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་ཡོད་རུང་ མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་ར་སློབ་གྲྭ་ནང་ལས་ ཚོགས་རྒྱན་མ་བཙུགས་ཟེར་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ་མི་ དུར་ག་རྐྱངམ་གཅིག་མེན་པར་ གཞན་ལེ་ཤ་ཡོདཔ་ཨིན་པས།
གསར་སྤང་ འབྲུག་བཟའ་སྤྱོད་ལས་འཛིན་དེ་ དགའ་སྐྱིད་གླིང་རྒེད་འོག་གི་ འདེམས་ཁྲི་འགོ་དཔོན་གྱིས་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ལས་ ཁོང་མི་༤ ལོག་བཏང་དགོཔ་ཐོན་ཡོདཔ་ད་ དེ་ཡང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ཀྱི་དོན་ལུ་ ཐོ་བཀོད་འབད་དེ་ ཡོད་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ ཆེ་མཐོའི་འགོ་དཔོན་ཅིག་ཡང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ འོང་ཡོདཔ་ཨིན་རུང་ ཁོ་རའི་གནས་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ལས་ ཁོ་ཡང་ ཚོགས་རྒྱན་བཙུགས་མ་ཚུགས་པས།
སྤ་རོ་དང་ དབང་འདུས་ ཐིམ་ཕུག་ གསར་སྤང་ ཧཱ་ སྤུ་ན་ཁ་ ཆུ་ཁ་ དར་དཀར་ནང་ དེ་ལས་ གཞལམ་སྒང་གི་ ཚོགས་རྒྱན་བཙུགས་མི་༤༠ དེ་ཅིག་གིས་ ཁོང་ར་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་འབད་མི་ལུ་བརྟེན་ དེ་ཚེ་ དངོས་སུ་སྦེ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་འཐོབ་མ་ཚུགས་པས།
ཚོགས་རྒྱན་བཙུགས་མི་ ལ་ལོ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ར་འགྲེམ་ཐོག་ཚོགས་རྒྱན་དོན་ལུ་ ཐོ་བཀོད་འབད་དེ་ཡོད་རུང་ དེ་བསྒང་ ས་གནས་གཞན་ཁར་ ལཱ་གི་དོན་ལུ་ལྟ་སྐོར་ནང་ སོང་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་འཐོབ་རུང་ ཚོགས་རྒྱན་ས་ཁོངས་ནང་འགྱོ་ཞིནམ་ལས་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་ཐོབ་དོ་འོང་ཟེར་ མནོ་སྡོད་ཅི་ཟེར་ཨིན་པས།
བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་བཙུགས་མི་ མི་སེར་རེ་རེ་བཞིན་དུ་སྦེ་ མ་ཤེས་ནི་དེ་གིས་ ཐོ་ནང་མི་བཙུགས་དོ་ཡོདཔ་ཨིན་རུང་ ཁོ་རའི་དོན་ལུ་ མི་གཞན་ཅིག་གིས་ ཐོ་བཀོད་འབད་དོ་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ ལྷན་ཚོགས་ཀྱིས་ ཐོ་ནང་བཙུགས་མི་དེ་ཡང་ ཁོང་རའི་ བཟའ་ཚང་ནང་མི་དང་ ཡིག་ཚང་གི་ ཆ་རོགས་ཚུ་གིས་ འབད་དོ་འོང་ཟེར་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ མི་ག་ར་ལུ་ བྱིན་ནི་མེདཔ་ལས་ ཐོ་བཀོད་འབད་བའི་སྐབས་ རིགཔ་འགྱིམ་སྟེ་ ཐོ་བཀོད་དོ་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ དེ་བཟུམ་མའི་ མཐུན་རྐྱེན་གྱི་སྐོར་ལས་ མི་སེར་ཚུ་གིས་ ཧ་གོ་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་མི་ལུ་ ཐབས་ཤེས་ཟེར་རུང་ གོ་བརྡའི་ཤེས་ཡོན་བྱིན་ནི་དེ་ ཨིན་མས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་ཚར་བའི་ དེ་གི་ནངས་པར་ མི་གཅིག་གིས་ མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་ཚར་ཏེ་འབད་རུང་ ཁོ་ར་ཧཱ་ལུ་ དངོས་སུ་སྦེ་ ཚོགས་རྒྱན་བཙུགས་པར་འོང་ཡོད་པའི་ ཉེས་འཛུགས་བཀོད་ནུག།
ཚོགས་རྒྱན་བཙུགས་པའི་ཉིན་མར་ མི་མང་ཤོས་ཅིག་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་འབད་ད་ནུག་ཟེར་ ཚོགས་རྒྱན་བཙུགས་མ་བཅུག་པར་ ལོག་འགྱོ་མི་ མང་རབས་ཅིག་ཡོད་དེ་འབད་རུང་ ཁོ་ར་ བློན་ཆེན་འབད་ནི་དེ་གིས་ འགྲེམ་ཐོག་ཚོགས་རྒྱན་དོན་ལུ་ ཐོ་བཀོད་འབད་ཚར་རུང་ དེ་ཚེ་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་ག་ཅི་སྦེ་ བཙུགས་ཆོགཔ་ཨིན་ན་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ ཁོ་གིས་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ ཧཱ་གི་ངོས་ལེན་འགོ་དཔོན་ལུ་ འགྲུལ་འཕྲིན་བཏང་སྟེ་ བསྐྱར་སྤྲོད་འབད་དགོཔ་སྦེ་སླབ་ནུག།
ཁོ་གིས་འབད་བ་ཅིན་ བློན་ཆེན་གྱིས་ ངོས་ལེན་འགོ་དཔོན་ལུ་ ཁོ་གི་སྐུ་སྒེར་དྲུང་ཆེན་གྱིས་ ཡིག་ཤུབས་ཁ་པའི་ནང་ འདེམས་ངོ་གུ་ རྟགས་མ་བཀལ་བར་ ཁ་བསྡམས་ཏེ་ བཏང་ཡོདཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ངོས་ལེན་འགོ་དཔོན་གྱིས་ གནད་དོན་དེ་ བཙག་འཐུ་ལྷན་ཚོགས་ནང་ བཏང་ཡོདཔ་བཞིན་དུ་ ལྷན་འཛིན་ཚུ་གིས་སྦེ་ བློན་ཆེན་ཧཱ་ལུ་སོང་ཞིནམ་ལས་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་བྱིན་ནུག་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ བློན་ཆེན་གྱི་ ཚོགས་རྒྱན་དེ་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ ཆ་མེད་བཏང་ཡོདཔ་ད་ དེ་ཡང་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེ་བའི་སྐབས་ ངོས་ལེན་འགོ་དཔོན་གྱིས་ འདེམས་ངོ་ཚུ་དང་ ཁོང་རའི་ངོ་ཚབ་ཚུ་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བློན་ཆེན་གྱིས་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ གནང་བ་སྤྲོད་ནུག་ཟེར་ སླབ་ཞིནམ་ལས་ ཆ་མེད་བཏང་ནུག་ཟེར་ཨིན་པས།
དེ་སྦེ་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་སྤྲོད་མི་དེ་ཡང་ བཙག་འཐུའི་ལམ་ལུགས་དང་སྒྲིག་གཞི་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཐད་ཁར་ བློན་ཆེན་དང་འབྲེལ་བ་འཐབ་ཡོད་རུང་ བློན་ཆེན་གྱིས་ དེ་གི་ཐད་ཁར་ བཙག་འཐུ་ལྷན་ཚོགས་ལུ་ དྲི་དཔྱད་འབད་ཟེར་ གསུངས་ཡོདཔ་ཨིན།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ཐད་ཁར་ ངོས་ལེན་འགོ་དཔོན་གྱིས་ ཚུལ་མཐུན་གྱི་ ཡིག་ཆ་ཚུ་དང་སྦྲགས་ཏེ་ བཙག་འཐུའི་ཉིནམ་གྱི་ ཧེ་མ་ལས་ ལྷན་ཚོགས་ནང་ བཙུགས་ཅི་ཟེར་ཨིན་པས།
དེ་སྦེ་ ཚོགས་རྒྱན་བཙུགས་བཅུག་པའི་སྐབས་ ཚོགས་རྒྱན་༢ འགྱོ་འགྱོཝ་མེནམ་ལས་ ལམ་ལུགས་དང་འཁྲིལ་ཏེ་ར་ འབད་འབདཝ་ཨིན་ཟེར་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *