ཀླུ་མང་རྒེད་འོག་གི་ མི་སེར་ཚུ་གིས་ ཁོང་རའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ ལྷ་ཀྲུ་ལུ་ གདོང་བསུ་འབད་བའི་བསྒང་།

འགྲེམ་ཐོག་ཚོགས་རྒྱན་གྱིས་ བཀྲིས་སྒང་གི་འཐུས་མི་ བཙག་འཐུ་གྲུབ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ ལྷ་ཀྲུ་དེ་ བཀྲིས་སྒང་གི་ འཐུས་མི་སྦེ་ ལོག་བཙག་འཐུ་གྲུབ་ནུག།

བཙག་འཐུ་འགོ་འདྲེན་མ་འཐབ་པའི་ ཧེ་མ་ལས་ར་ ཀླུ་མང་རྒེད་འོག་ལས་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་གིས་ དོ་འགྲན་པ་གཞན་ཚུ་ལས་ རྒྱལ་ཁ་འཐོབ་ནི་ཨིན་པའི་ སྔོན་བཤད་འབད་ཡོདཔ་ད་ ཚོགས་རྒྱན་གྱི་ཉིན་མར་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་བའི་སྐབས་ ལྷ་ཀྲུ་གིས་ རྒྱལ་ཁ་འཐོབ་ནི་གི་ རེ་བ་བསྐྱེད་སྡོད་ཅི་ཟེར་ བཤདཔ་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་གྱི་ གྲངས་རྩིས་ནང་ ཁོ་ར་དང་ ཨང་གཉིས་པ་ཐོན་མི་ འདེམས་ངོའི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་༧༦༢ ཐོན་ཡོདཔ་ལས་ དེ་གིས་ ལྷ་ཀྲུ་ལུ་ རྒྱལ་ཁ་འཐོབ་ནི་གི་ བློ་སྟོབས་ཐོབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་དེ་ ཁོ་གིས་ མངམ་འཐོབ་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་ར་ ཤེས་ཡོན་ཅན་དང་ ཞི་གཡོགཔ་ཚུ་ཨིནམ་ལས་ ཁོང་གིས་ ཁོ་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།

ཨིན་རུང་ སྐྱེས་ལོ་༥༡ ལང་མི་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་དེ་ ཚོགས་རྒྱན་འཕྲུལ་ཆས་ནང་ རྒྱལ་ཁ་འཐོབ་ནི་ལུ་ ལཱ་ཁག་བཏང་མི་དེ་ཡང་ ཚོགས་རྒྱན་ས་ཁོངས་༣ ནང་ ཁོ་གི་ དོ་འགྲན་པ་ཚུ་དང་ཕྱདཔ་ད་ ཚོགས་རྒྱན་ཉུང་སུ་ ཐོབ་ཡོདཔ་ཨིན་པས།

ཁོ་གིས་ ཁོ་རའི་རྒེད་འོག་ ཀླུ་མང་ལུ་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལུ་ ཚོགས་རྒྱན་སྐྱུར་མི་བསྡོམས་༡,༡༩༥ ལས་༨༦༦ ཐོབ་ཡོདཔ་མ་ཚད་ མཁའ་གླིང་རྒེད་འོག་ནང་ ཚོགས་རྒྱན་སྐྱུར་མི་༨༦༧ ལས་༣༥༦ ཐོབ་ཡོདཔ་ད་ རྒེད་འོག་གཞན་ཚུ་ནང་ དོ་འགྲན་པ་ཚུ་གིས་ མངམ་ཐོབ་ཡོདཔ་ཨིན་པས།

ཚོགས་རྒྱན་འཕྲུལ་ཆས་ཀྱི་ གྲུབ་འབྲས་ལུ་བལྟ་སྟེ་ ཧ་ལས་དགོཔ་ བྱུང་མི་དེ་ཡང་ འཕྲུལ་ཆས་ཚོགས་རྒྱན་ཡང་ ཁོ་གིས་ སྣ་ཁྲིད་འབད་འོང་ཟེར་ རེ་བ་བསྐྱེད་ནི་དེ་གིས་ཨིན་ཟེར་ ལྷ་ཀྲུ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མར་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ཉམས་མྱོང་ཐོབ་མི་དང་ གངས་རི་ཧ་ཟས་ལས་སྡེའི་ མདོ་ཆེན་སྦེ་ ཕྱག་ཞུ་བའི་སྐབས་ མི་སེར་ཚུ་དང་ འབྲེལ་འཐབ་སྡོད་ནི་དེ་གིས་ ཡོངས་གྲགས་ཐོན་ཡོདཔ་བཞིན་དུ་ སྐུལ་བསྒྲགས་སྐབས་ མི་སེར་ག་དེ་མང་མང་དང་ འཕྱད་ནིའི་དོན་ལུ་ རྫོང་ཁག་དེ་གི་ མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ སོང་ཡི་ཟེར་ཨིན་པས།

ཁོ་གིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་ཉུང་སུ་ཐོབ་མིའི་ རྒྱུ་རྐྱེན་ཅིག་ མི་སེར་ཚུ་གིས་ ཁོ་ར་ སྲིད་དོན་ཚོགས་པ་ཚུ་དང་ འབྲེལ་གནད་ཡོདཔ་སྦེ་ མནོ་བསམ་བཏང་མི་ལུ་བརྟེན་ འོང་ནི་མས་ཟེར་ བཤད་པའི་ཁར་ མི་གཞན་ཚུ་ལས་ གོ་མི་གིས་མ་དོ་བར་ ཁོ་ར་ ཧེ་མའི་སྲིད་ཚོགས་དང་ འབྲེལ་བ་ཡོད་མི་ཅིག་ཨིནམ་ལས་ ཚོགས་སྡེའི་ནང་ སྲིད་ཚོགས་ཀྱི་ ངོ་ཚབ་སྦེ་ བྱ་སྒོ་འཐབ་ནི་གི་ འོས་འབབ་ཡོད་པའི་སྐོར་ ཁོ་ལུ་ བརྒྱུད་འཕྲིན་ཚུ་ཡང་ ལྷོད་ཅི་ཟེར་ བཤདཔ་ཨིན་པས།

འདི་བཟུམ་མའི་ མ་བདེན་པའི་ ལོ་རྒྱུས་སླབ་སར་གོཝ་ད་ ཁོ་ར་ རྣམ་རྟོག་ལང་དགོཔ་ བྱུང་ཡི་ཟེར་ ལྷ་ཀྲུ་གིས་ བཤད་པའི་ཁར་ འདས་པའི་ལོ་ངོ་༥ གི་རིང་ལུ་ ཁོ་ར་ ཧེ་མའི་ ཚོགས་པ་དང་ འབྲེལ་བ་མ་འཐབ་པར་ སྡོད་ཡོད་ཟེར་ བཤདཔ་ཨིན་པས།

ལྷ་ཀྲུ་གིས་ སླབ་མིའི་ནང་ འདི་བཟུམ་མའི་ འཐོར་གཏམ་དང་ ཁ་ཉེས་ཚུ་ བཀལ་མི་ལུ་བརྟེན་ ཚོགས་རྒྱན་སྐྱུར་མི་ཚུ་ མགུ་འཐོམ་མི་དེ་གིས་ འཕྲུལ་ཆས་ཚོགས་རྒྱན་ ཉུང་སུ་ཐོབ་ཡོདཔ་ འོང་ནི་མས་ཟེར་ཨིན་པས།

ཨིན་རུང་ མི་སེར་གྱི་ གདམ་ཁ་ལུ་ ཁོ་ལས་ གུས་ཞབས་དང་ བརྩི་མཐོང་ཡོདཔ་བཞིན་དུ་ བཀྲིས་སྒང་གི་ མི་སེར་ཚུ་གིས་ ཁོང་གི་འཐུས་མི་སྦེ་ བཙག་འཐུ་གྲུབ་གནང་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ ལྷ་ཀྲུ་གིས་ བཤདཔ་ཨིན་པས།

བསམ་མཁར་གྱི་འདེམས་ངོ་ འཇམ་དབྱངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༥༨༩ མ་གཏོགས་ མ་ཐོབ་རུང་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་༢,༣༨༥ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ བསམ་མཁར་ལུ་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་བསྡོམས་༡,༠༣༥ བཙུགས་མི་ལས་༧༩༥ དང་ བཀང་ལུང་དང་ ཡང་གཉེར་རྒེད་འོག་༢ ལས་ ཚོགས་རྒྱན་༤༨༧ དང་༢༡༤ ཐོབ་ནུག།

འདེམས་ངོ་༢ ཀྱིས་ རང་སོའི་རྒེད་འོག་ནང་ལས་ རྒྱལ་ཁ་ཐོབ་ཡོད་རུང་ འདེམས་ངོ་གཞན་༥ གིས་ རྒེད་འོག་༢ ལས་ ཚོགས་རྒྱན་མངམ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ར་ལྡི་ལས་ འདེམས་ངོ་བསོད་ནམས་སྟོབས་རྒྱས་ཨར་གྱིས་ མེ་རག་དང་ ཕོངས་མེད་ སག་སྟེང་རྒེད་འོག་༣ ལས་ རྒྱལ་མི་དེ་ ཁོ་རྐྱངམ་གཅིག་ཨིན་པས།

འདེམས་ངོ་ལ་ལོ་གིས་ སླབ་མིའི་ནང་ འདེམས་ངོ་མ་ཐོན་མི་ རྒེད་འོག་གཞན་༨ ཀྱི་ མི་སེར་ཚུ་གིས་ ད་རིས་ཀྱི་ བཙག་འཐུ་ནང་ ཁྱད་པར་བཟོ་ནུག་ཟེར་ཨིནམ་ད་ རྒེད་འོག་དེ་ཚུ་གིས་ མི་མང་རྩོད་འགྲན་དང་ སྤྱིར་བཏང་འཛོམས་འདུ་ཚུ་བལྟ་སྟེ་ ཚོགས་རྒྱན་བཙུགས་དོ་བཟུམ་འདུག་ཟེར་ འདེམས་ངོ་ཅིག་གིས་ བཤདཔ་ཨིན་པས།

བཀ་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ལས་ འཇམ་དབྱངས་ཀྱིས་ བཀང་ལུང་དང་ བསམ་མཁར་ དེ་ལས་ ཡང་གཉེར་རྒེད་འོག་ལས་ཡང་ ཚོགས་རྒྱན་མངམ་ཐོབ་ནུག།

ཁྲིམས་ཤིང་-རྐང་པ་ར་འདེམས་ཁོངས་ལས་ ཨྱོན་རྡོ་རྗེ་གིས་ རྒེད་འོག་༢ ཆ་ར་ལ་ རྒྱལ་ཁ་ཐོབ་ཡོདཔ་ད་ བར་མཚམས་-གཤོང་ཕུག་ལས་ ཆོས་སྐྱིད་དབང་ཕྱུག་གིས་ གཤོང་ཕུག་དང་ སྦིས་གདུང་རྒེད་འོག་ལས་ རྒྱལ་ནུག།

ཨུ་མཛོ་རོང་ལས་ པདྨ་དབང་དྲག་དང་ བར་མཚམས་ལས་ ཨྱོན་ཕུན་ཚོགས་ཀྱིས་ རང་སོའི་རྒེད་འོག་ནང་ལས་ ཚོགས་རྒྱན་མངམ་ཐོབ་ནུག།

བཀྲིས་སྒང་ལུ་ ཚོགས་རྒྱན་འཕྲུལ་ཆམ་ཐོག་ལུ་སྐྱུར་མི་ ཡོངས་བསྡོམས་༡༡,༨༢༩ ཡོད་མི་ལས་༥,༤༠༨ འདེམས་ངོ་མེད་མི་ རྒེད་འོག་ཚུ་ལས་ བཙུགས་ཡོདཔ་ཨིན་པས།

རྫོང་ཁག་དེ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༤༦,༩༨༣ ཡོད་མི་ལས་༢༠,༨༦༨ ཀྱིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *