༉ གཞུང་དང་ སྒེར་སྡེ་མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་བཙུགས་ཡོད་མི་དེ་གིས་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ ཕན་ཐོགས་སྦོམ་ བྱུང་སྟེ་འདུག་ཟེར་ཞུ་ནི།
དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ དེ་ལས་ དགེ་ཕེགས་ཕུག་གི་བར་ན་ཡང་ སྐྱེལ་འདྲེན་བཱསི་གི་ཞབས་ཏོག་ མང་རབས་ཅིག་ བཙུགས་ཡོདཔ་ལས་ མི་མང་ལུ་ ཕན་ཁྱད་སྦོམ་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ གླ་འཁོར་ཚུ་དང་ཕྱདཔ་ད་ གླ་ཆ་འཇམ་ནི་དེ་གིས་ཨིན་མས་ཟེར་ཞུ་ནི།
དེ་འབདཝ་ལས་ མི་ཚུ་གིས་ གླ་འཁོར་ཚུ་ལས་ འགྲུལ་འཁོར་བཱསི་ནང་ འགྲོ་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ དམིགས་བསལ་དུ་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ལུ་ འགྲོ་འགྲུལ་འབད་བའི་སྐབས་ མི་ཚུ་གིས་ ཉེན་སྲུང་གི་དོན་ལུ་ བཱསི་ནང་ འགྲོ་འགྲུལ་འབད་ནི་ལུ་ར་ གདམ་ཁ་རྐྱབ་མས་ཟེར་ཞུ་ནི།
འགྲུལ་པ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་ལུ་ གླ་འཁོར་ནང་ འགྲོ་འགྲུལ་འབད་བའི་སྐབས་ གླ་ཆ་དངུལ་ཀྲམ་༧༠༠ དེ་རེ་ སྤྲོད་དགོཔ་ཨིན་རུང་ བཱསི་ནང་འབད་བ་ཅིན་ གླ་འཐུས་དངུལ་ཀྲམ་༣༡༣ དང་༣༤༩ དེ་ཅིག་ལས་བརྒལ་ སྤྲོད་མི་དགོ་པས་ཟེར་ཨིན་མས།
དེ་མ་ཚད་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ གླ་འཁོར་ཚུ་ནང་མེན་པར་ བཱསི་ནང་ འགྲོ་འགྲུལ་འབད་ནི་དེ་ ཉེན་སྲུང་དང་ལྡནམ་སྦེ་འདུག་ཟེར་ ལ་ལོ་གིས་ སླབ་ནི་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་ལུ་ འགྱོ་བའི་སྐབས་ བཱསི་གི་དེད་གཡོགཔ་ཅིག་གིས་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་དང་གཅིག་ཁར་ འཐབ་འཛིང་འབད་མི་ལུ་ བལྟ་བ་ཅིན་ བཱསི་ནང་ འགྲོ་འགྲུལ་འབད་ནི་ལུ་ཡང་ གནོད་ཉེན་ཡོད་པའི་ མཐོང་སྣང་བྱུང་ཡི་ཟེར་ཞུ་ནི།
དེད་གཡོགཔ་དེ་གིས་ དེ་ཚེ་རྐྱངམ་གཅིག་མེན་པར་ ཧེ་མ་ཡང་ རྒྱ་གར་གྱི་མི་ཅིག་ དྲངས་ཡོད་པའི་ ལོ་རྒྱུས་ཡོདཔ་བཞིན་དུ་ དེ་ཚེ་ རྒྱ་གར་གྱི་ མི་དག་པ་ཅིག་ སྤུངས་འཛོམས་འབད་མི་ཚུ་གིས་ ག་ནི་ཡང་ མ་འབད་རུང་ ཁོ་གིས་ བྱ་སྤྱོད་དེ་བཟུམ་ར་ བཏོན་པ་ཅིན་ མ་འོངས་པར་ ལམ་འགྲུལཔ་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་འོང་སྲིད་ནི་མས་ཟེར་ཞུ་ནི།
འགྲུལ་འཁོར་བཱསི་ནང་ འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྐྱེལ་འདྲེན་འབད་ནི་དེ་ དེད་གཡོགཔ་ཚུ་གི་ འགན་ཁུར་ཨིནམ་བཞིན་དུ་ དེད་གཡོགཔ་ཚུ་གིས་ ཁོང་རའི་ཁེ་ཕན་ལུ་བལྟ་སྟེ་ དེ་བཟུམ་མའི་ བྱ་སྤྱྲོད་ངན་པ་བཏོན་པ་ཅིན་ ལམ་འགྲུལཔ་ཚུ་གི་ ཉེན་ཁ་ག་གིས་ འབག་ནི་ཨིན་ན་ཟེར་ཞུ་ནི།
གནད་དོན་དེ་གི་སྐོར་ལས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དང་ བཱསི་གི་ཇོ་བདག་ཚུ་གིས་ ཤེས་རྟོགས་ཡོད་པ་ཅིན་ ད་ལས་ཕར་ འདི་བཟུམ་མའི་ བྱུང་རྐྱེན་ཚུ་ བསལ་ཐབས་ལུ་ ཐབས་ལམ་ག་ཅི་ བཏོན་དོ་རཡོདཔ་ཨིན་ན་དང་ ཤེས་རྟོགས་མེད་པ་ཅིན་ དབང་འཛིན་དང་ ཇོ་བདག་ཚུ་གིས་ དུས་རྒྱུན་དུ་ དེད་གཡོགཔ་ཚུ་ལུ་ ལམ་སྟོན་དང་ བསླབ་སྟོན་ཚུ་ བྱིན་དགོཔ་ ཁག་ཆེ་ནི་ཨིན་མས་ཟེར་ཞུ་ནི།
དུས་རྒྱུན་དུ་ སྐྱེལ་འདྲེན་བཱསི་ཚུ་ནང་ འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ དབང་འཛིན་དང་ ཇོ་བདག་ཚུ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་ཐོག་ གང་མགྱོགས་བསལ་ཐབས་འབདཝ་དང་གཅིག་ཁར་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་ལུ་ཡང་ མནོ་བསམ་གཏང་དགོཔ་ ཁག་ཆེ་ཟེར་ ཞུ་ནི་ཨིན།
ཀརྨ། འགྲུལ་པ།
ཕུན་ཚོགས་གླིང་།