༉ རྒྱ་འབྲུག་གཉིས་ཀྱི་ དོན་གཅོད་མཐུན་ལམ་ འགོ་བཙུགས་ཏེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཁ་ཙ་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་དང་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་ངོ་ཚབ་ ནི་དྷི་ དི་མཱན་གཉིས་ཀྱིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ ས་ཁོངས་ནང་ འགྲུལ་པ་འཐོན་འཛུལ་འབད་སའི་ སྒྲིང་ཁྱིམ་བརྩིས་ཏེ་ ལས་འགུལ་ཁག་༥ སྒོ་འབྱེད་འབད་ཡི།
བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀརྨ་མ་དབང་ཕྱུག་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ འཆར་གཞི་༡༡ པའི་ནང་ གནམ་གྲུ་སྐྱེལ་འདྲེན་ལས་ཁུངས་ཀྱི་ ལས་འགུལ་གཙོ་བོ་ཅིག་ ཨིན་ཟེར་ཨིནམ་ད་ དེ་ཡང་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༧༩༩.༨༢ གྲོགས་རམ་འབད་ཐོག་ལས་ ལས་འགུལ་༥ བསྒྲུབས་ཚུགས་ཅི་ ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ ཡར་རྒྱས་གནས་སྟངས་དེ་ ཧེ་མ་ ག་དེ་སྦེ་ཡོད་ག་དང་ ད་རེས་ ག་ཏེ་ལུ་ལྷོད་ཡོདཔ་ཨིན་ན་ ད་ལྟོ་ལྟཝ་ད་ ཤེས་ཚུགས་པས་ཟེར་ཨིནམ་ད་ ལས་འགུལ་དེ་ རྒྱ་གར་གཞུང་གི་ གྲོགས་རམ་ལུ་བརྟེན་ བསྒྲུབས་ཡོདཔ་ལས་ རྒྱ་གར་གཞུང་ལུ་ བཀྲིན་ཆེ་ཟེར་ ཨིན་པས།
གནམ་གྲུ་སྐྱེལ་འདྲེན་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་དབང་ཕྱུག་གིས་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༨༡ ལུ་ མཁའ་འགྲུལ་འགོ་བཙུགས་མི་ལས་ ད་ལྟོ་ཚུན་ རྒྱལ་ཁབ་གཞན་དང་ མཐུད་སྦྲེལ་འབད་ཡོད་པའི་ཁར་ རྒྱལ་ཁབ་ནང་འཁོད་ལུ་ཡང་ གནམ་གྲུའི་མཐུད་སྦྲེལ་ཡོདཔ་ལས་ ལཱ་གཡོག་གི་གོ་སྐབས་༡༠༠༠ ལྷགཔ་ཅིག་ སྤྲོད་ཚུགས་མི་ལུ་ མི་དབང་རིམ་བྱོན་ཚུ་ལུ་ བཀའ་དྲིན་བསམ་དགོ་པས་ཟེར་བཤད་ཅི།
ད་རུང་ ཁོ་གིས་སླབ་མིའི་ནང་ འགྲུལ་པ་འོང་སའི་སྒྲིང་ཁྱིམ་ལུ་ དངུལ་ཀྲམ་ས་ཡ་༣༥༩.༣༧༥ དང་ འགྲུལ་པ་འཐོན་འགྱོ་སའི་ སྒྲིང་ཁྱིམ་ཉམས་བཅོས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༦༤.༤༠༥ ཟད་འགྲོ་བཏང་ཡོད་པའི་ཁར་ དོ་བཞག་སའི་ སྒྲིང་ཁྱིམ་དོན་ལུ་ དངུལ་ཀྲམ་ས་ཡ་༤༣.༣༤ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།
དེ་མ་ཚད་ གནམ་གྲུའི་རྒྱུག་ལམ་དོན་ལུ་ དངུལ་ཀྲམ་ས་ཡ་༡༩༣.༢༡ དང་ གློག་མེ་བཀྲམ་སྤེལ་གྱི་ ས་གོ་སོ་སོ་བཟོ་མི་ལུ་ དངུལ་ཀྲམ་ས་ཡ་༣༩.༤༩ ཟད་འགྲོ་བཏང་ཡི་ཟེར་ བཤད་ཅི།
ལས་འགུལ་དེ་ ཡོངས་རྫོགས་བསྒྲུབས་ཡོདཔ་ལས་ འགྲུལ་པ་འཛུལ་སའི་ སྒྲིང་ཁྱིམ་དང་ གནམ་གྲུའི་ དོ་བཞག་སའི་སྒྲིང་ཁྱིམ་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིནམ་ད་ འགྲུལ་པ་འཐོན་འགྱོ་སའི་ སྒྲིང་ཁྱིམ་གྱི་ཐད་ཁར་ བདུན་ཕྲག་འདི་ནང་ལས་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ མདོ་ཆེན་གྱིས་བཤད་ཅི།
ཁོ་གིས་ སླབ་མིའི་ནང་ སྒྲིང་ཁྱིམ་རྙིངམ་ནང་ ཧེ་མ་ འགྲུལ་སྐྱོད་ཀྱི་ སྒོ་གཉིས་ཡོད་མི་ལས་ འགྲུལ་པ་༤༨༠ རྐྱངམ་གཅིག་ འགྲུལ་སྐྱོད་འབད་ཚུགས་ཟེར་ཨིནམ་ད་ ད་རེས་ འགྲུལ་སྐྱོད་སྒོ་༣ བསྒྲུབས་ཡོདཔ་ལས་ ཚར་གཅིག་གུ་ འགྲུལ་པ་བསྡོམས་༡,༤༤༠ ལྷགཔ་ཅིག་ འགྲུལ་སྐྱོད་འབད་ཚུགས་ཟེར་ཨིན་པས།
ལས་འགུལ་ཚུ་ནང་ ཁག་འབགཔ་༡༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ འབྲུག་མཁའ་འགྲུལ་ལུ་ འཆར་གཞི་༡༠ པའི་ནང་ སྤ་རོ་གནམ་ཐང་བཟོ་སྐྲུན་གྱི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༡༨༥ གྲོགས་རམ་ འབད་ཡོད་པའི་གནས་ཚུལ།
སྤ་རོ་ལས་ གནས་བརྟན་རྡོ་རྗེ།