འགྱུར་མེད་རྒེད་འོག་དང་ བིར་བར་ནའི་ སོ་ནམ་ཞིང་ལམ།

འགྱུར་མེད་རྒེད་འོག་དང་ བིར་བར་ནའི་ སོ་ནམ་ཞིང་ལམ་གྱིས་ ཁྱིམ་གུང་༣༠༠ དེ་ཅིག་ལུ་ ཕན་ཐོགས།

༉ འགྱུར་མེད་རྒེད་འོག་བརྒྱུད་དེ་ ས་གནས་བིར་དང་ ངང་ལམ་དང་རྒྱལ་པོའི་ཞིང་གཞུང་ལམ་ མཐུད་སྦྲེལ་འབད་དེ་ སོ་ནམ་ཞིང་ལམ་བསལ་མི་དེ་གིས་ སྤྱི་འོག་༤ གི་ ཁྱིམ་གུང་༣༠༠ དེ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་འདུག།
སོ་ནམ་ཞིང་ལམ་དེ་ གཞུང་ལམ་དང་གཅིག་ཁར་ མཐུད་སྦྲེལ་འབད་མི་ལུ་བརྟེན་ རྒེད་འོག་གི་མི་སེར་ཚུ་གིས་ ཚོད་བསྲེའི་རིགས་དང་ ཆང་འདེགས་ནིའི་ པ་ལང་ཚུ་འབག་སྟེ་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ལུ་ ཚོང་འབྲེལ་འཐབ་པར་ འགྱོ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་ཚུ་ རྫོང་ཁག་གི་ ལཱ་ཕྱམ་ཕྱིམ་རེ་ འབད་དགོཔ་འཐོན་པའི་སྐབས་ ཨ་རྟག་བཟུམ་སྦེ་ རྒེད་འོག་ལས་ ཡུ་ད་རི་ཐོན་ཏེ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རྒྱུན་འགྲུལ་འཐབ་མ་དགོ་པའི་ ཕན་ཁྱད་བྱུང་སྟེ་འདུག།
རྩེ་ལམ་སྤྱི་འོག་གི་ཚོགས་པ་ ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ རྒེད་འོག་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་དེ་གིས་ རྒེད་འོག་ལས་ ཀུར་ཏ་ཀེ་དང་ རྒྱལ་པོའི་ཞིང་ལམ་ཡོད་མི་ བིར་ལས་ ཀུར་ཏ་ཀེ་ཚུན་ ལམ་ཁག་༢ བསལ་ནི་འགོ་བཙུགས་ནུག་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༦ ལས་བསལ་ནི་འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ཟླ་༨ པའི་ནང་ ལཱ་མཇུག་བསྡུ་ཡི་ཟེར་ཨིན་པས།
མུག་སྟང་མཁར་ཚོགས་པ་ རིན་ཆེན་ཚེ་རིང་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་ མ་ལྷོད་པའི་ཧེ་མར་ གཡུས་ མི་ཚུ་གིས་ ཚལ་ལུ་ཤིང་འཛུགས་སྐྱོང་འབད་རུང་ སྐམ་འགྱོ་མི་ལུ་བརྟེན་ འོང་འབབ་ བཟོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ གཡུས་ཚན་ཚུ་ནང་ སློབ་རིམ་༡༠ པ་དང་༡༢ པ་ལྷབ་ཚར་མི་ ན་གཞོན་བུཚ་དང་ བུམོ་ གཡུས་ཁར་སྡོད་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ན་གཞོན་ཚུ་གིས་ ཤེས་ཡོན་གྱི་ ཐོག་ལས་ སོ་ནམ་པའི་ལཱ་འབད་ནི་ལུ་ སྤྲོ་བ་ལེན་ཏེ་ཡོད་ཟེར་ཨིན་པས།
ཚོགས་པ་དང་འཁྲིལ་བ་ཅིན་ ད་རེས་ནངས་པར་ སོ་ནམ་ཞིང་ལམ་ལུ་བརྟེན་ ཤིང་འབྲས་སྣ་ཚོགས་ འཛུགས་སྐྱོང་འབད་ནི་འགོ་བཙུགསཔ་མ་ཚད་ ཚོད་བསྲེའི་ལཱ་ཡང་ རྒྱ་ཆེཝ་སྦེ་ར་ འབད་ནི་ཡོད་ཟེར་ཨིན་པས།
འགྱུར་མེད་རྒཔོ་ རིན་ཆེན་རྒྱལ་པོ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་ཁྲོམ་ལས་ བིར་ཚུན་ ཀི་ལོ་མི་ཊར་༢༨ དེ་ཅིག་དང་ བིར་ལས་ རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༡༢ ལས་བརྒལ་མེདཔ་ད་ ཧེ་མ་འབད་བ་ཅིན་ རྒྱལ་པོའི་ཞིང་ཁྲོམ་ལས་ རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༥༠ དང་ མུག་སྟང་མཁར་སྤྱི་འོག་ནང་ ལྷོད་ནི་ལུ་ ད་རུང་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་དགོ་ཟེར་ཨིན་པས།
ཧེ་མ་ རྒྱལ་པོའི་ཞིང་ཁྲོམ་དང་ པདྨ་དགའ་ཚལ་ དེ་ལས་ མོང་སྒར་ཁྲོམ་ཚུ་ནང་འགྱོཝ་ད་ ཟླཝ་ལས་བཅད་དེ་འགོར་མི་དེ་ ད་རེས་ རྒེད་འོག་ལྟེ་བའི་ལམ་ཡོད་པའི་ཁར་ སྤྱི་འོག་གི་ས་གནས་ ཐདམ་ཐད་ཁ་ལས་ཕར་ སོ་ནམ་ཞིང་ལམ་བསལ་ནི་དེ་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ ལྷོད་ཚུགས་པས་ཟེར་ ཨིན་པས།
ད་རེས་ ཆར་ཆུའི་དུས་ཚོད་ལུ་ སོ་ནམ་ཞིང་ལམ་དེ་ཁར་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་ཡོདཔ་ཨིན་རུང་ གནམ་སྐམ་པའི་དུས་ཚོད་ལུ་ ཐོགས་ཆག་མེད་པའི་གནས་ཚུལ།

བིར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *