རིག་རྩལ་སྦྱོང་བརྡར་ནང་ གྲལ་གཏོགས་འབད་མི་ཚུ།

འགོ་དང་པ་ཨིན་མི་ རིག་རྩལ་སྦྱོང་བརྡར་ མཇུག་བསྡུ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡ ལུ་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོག་མ་གིས་ རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་མི་ རིག་རྩལ་སྦྱོང་བརྡར་ མཇུག་བསྡུ་མི་ཚུ་ལུ་ ལག་ཁྱེར་ཚུ་ བགོ་བཀྲམ་འབད་ཡི།
སྦྱོང་བརྡར་དེ་ནང་ བཅའ་མར་གཏོགས་མི་ཚུ་ཡང་ སློབ་གཉེར་གྲོགས་རམ་ཐོག་ལས་ རྒྱལ་ཁབ་གཞན་ཚུ་ནང་ འཕྲོ་མཐུད་ཤེས་ཡོན་སྦྱང་པར་ འགྱོ་མི་ཚུ་ཨིནམ་ད་ དེ་ནང་ དུས་ཅི་ སློབ་རིམ་༡༢ པ་ མཇུག་བསྡུ་མི་དང་ གནས་ཚུལ་ལས་ཁང་ཚུ་ནང་ ལཱ་འབད་མི་ཚུ་འབདཝ་ད་ མི་ངོམ་༣༡ འདུག།
སློབ་རིམ་༡༢ པའི་ནང་ལས་ དྲག་ཤོས་ཐོན་མི་ཚུ་ ཤེས་རིག་ལྷན་ཁག་འོག་གི་ ན་ལོན་དང་མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ སློབ་གཉེར་གྲོགས་རམ་འོག་ལུ་ཨིནམ་ད་ གཞན་ཆ་ཁྱབ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སློབ་གཉེར་གྲོགས་རམ་ཐོག་ལས་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ གཙོ་འཛིན་ཡིག་ཚང་གི་ ཞིབ་འཚོལ་དང་ ཕྱི་འབྲེལ་ལས་སྣའི་ལས་ཁུངས་ལས་ ཌོག་ཊར་བདེ་སྐྱིད་སི་རྒྱ་མཚོ་གིས་ སླབ་མིའི་ནང་ སློབ་སྦྱོང་ལས་རིམ་དེ་ རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཕྱིའི་རྒྱལ་ཁབ་ནང་ མཐོ་རིམ་ཤེས་ཡོན་འཕྲོ་མཐུད་སྦྱང་པར་འགྱོ་མི་ སློབ་ཕྲུག་ཚུ་ རྒྱལ་ཁབ་གཞན་གྱི་ གཙུག་ལག་སློབ་སྡེ་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་གི་ གནས་སྟངས་ཀྱི་སྐོར་ལས་ ཤེས་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྦྱོང་བརྡར་དེ་ སློབ་ཕྲུག་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ དཔེ་ཆ་ལྷབ་པར་འགྱོ་ནིའི་དོན་ལུ་ གྲ་སྒྲིག་བཟོ་ནིའི་ལས་རིམ་ཅིག་ཨིནམ་ད་ ད་ལས་ཕར་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་ ཨིན་ཟེར་ཨིན་པས།
ཌོག་བདེ་སྐྱིད་སི་རྒྱ་མཚོ་གིས་ བཤད་མིའི་ནང་ ལས་རིམ་དེ་གི་སྐབས་ལུ་ སེམས་ཤུགས་སྐྱེད་ཐངས་དང་ དམིགས་དོན་བཀོད་ཐངས་ ཡིག་འབྲི་རིག་རྩལ་ ཐོ་རྐྱབ་ཐངས་ དཔེ་མཛོད་ལག་ལེན་འཐབ་ཐངས་ འཚོལ་ཞིབ་འབད་ཐངས་ དུས་ཚོད་འཛིན་སྐྱོང་འབད་ཐངས་ དོན་སྨིན་ཅན་སྦེ་ བསམ་ཞིབ་འབད་ཐངས་ཚུ་གི་སྐོར་ལས་ བཏོན་ཡོདཔ་བཞིན་དུ་ དེ་ཚུ་ ཤེས་ཡོན་སྦྱང་མི་ཚུ་གི་དོན་ལུ་ ཁག་ཆེ་དྲགས་ཅིག་ ཨིན་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ལས་ ཕྱི་རྒྱལ་ལུ་ མཐོ་རིམ་ཤེས་ཡོན་སྦྱང་པར་འགྱོ་མི་ཚུ་ མང་ཤོས་ཅིག་ར་ སློབ་གྲྭ་ཚུ་ནང་གི་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ཚུ་ཨིནམ་ད་ དེ་ཚུ་ ཕྱི་རྒྱལ་གྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ལྷོདཔ་ད་ གནས་སྟངས་མ་འདྲཝ་ཚུ་དང་འཁྲིལ་ ལཱ་འབད་མ་ཚུགས་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་ཨིན་ཟེར་ཨིན་པས།
དུས་ཅི་ རྒྱལ་གཞུང་གཙུག་ལག་སློབ་སྡེ་གིས་ ཕྱིའི་རྒྱལ་ཁབ་ནང་འགྱོ་མི་ སློབ་ཕྲུག་ཚུ་གི་ དགོས་མཁོ་དང་ འོས་འབབ་ལུ་ལྟ་སྟེ་ ཆོས་ཚན་ཚུ་ བཟོ་ཐོག་ལས་ འབྲུག་མི་མཁས་མཆོག་༦ གིས་ སློབ་སྟོན་འབད་ཡི་ཟེར་ཨིན་པས།
རྒྱལ་གཞུང་གཙུག་ལག་སློབ་སྡེའི་གཙོ་འཛིན་ དངོས་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ ད་ལྟོ་ཚུན་ཚོད་ སློབ་གྲྭ་ཚུ་ནང་ སློབ་དཔོན་ཚུ་གིས་ ཁ་བཀོད་དང་ སློབ་སྟོན་ཐོག་ལུ་སྡོད་ཡོདཔ་ད་ ད་རེས་ མཐོ་རིམ་སློབ་གྲྭ་ཚུ་ནང་ལྷོདཔ་ད་ ལཱ་ཁག་རྐྱབ་ནི་ཨིནམ་བཞིན་དུ་ ད་རེས་ཀྱི་ སློབ་སྟོན་ལས་རིམ་དེ་གིས་ ཕན་སྦོམ་ཐོགས་འོང་ཟེར་ཨིནམ་ད་ ཧེ་མ་ཡང་ སློབ་ཕྲུག་ལ་ལུ་ཅིག་ལུ་ དཀའ་ངལ་ཚུ་ཐོན་ཏེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་གིས་ རྒྱལ་ཁབ་གཞན་ཁར་ལས་ཕར་ ཤེས་ཡོན་སྦྱང་སྟེ་སྡོད་པའི་སྐབས་ འབྲུག་མི་ཚུ་ལུ་ དཔའ་མཉམ་སྦོམ་ཡོདཔ་ལས་ རང་ག་ཨིན་ན་ རྩ་ལས་ར་ སེམས་ལས་བརྗེད་ནི་མི་འོང་ཟེར་བའི་ དྲན་བསྐུལ་འབད་ཡི།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་གིས་འབད་རུང་ ད་ལས་ཕར་ མཐོ་རིམ་སློབ་གྲྭ་ཚུ་ནང་ལྷོདཔ་ད་ གནས་སྟངས་ག་བཟུམ་ར་ འོང་ནི་ཨིན་ནའི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཡོདཔ་མ་ཚད་ དེ་ཚུ་ནང་དགོ་པའི་ རིག་རྩལ་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ཌོག་ཊར་བདེ་སྐྱིད་སི་རྒྱ་མཚོ་གིས་ ལས་རིམ་དེ་ ཁག་ཆེ་དྲགས་ཅིན་འབདཝ་ལས་ ད་ལས་ཕར་ རྒྱལ་ཁབ་ཀྱི་ཕྱི་ཁར་ ཤེས་ཡོན་སྦྱང་པར་འགྱོ་མི་ ག་རའི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིནམ་ད་ ཨིན་རུང་ མ་དངུལ་གྱི་དཀའ་ངལ་ཡོདཔ་ལས་ ད་ལས་ཕར་ སློབ་ཕྲུག་ཚུ་ལས་ འཐུས་དུམ་གྲ་རེ་ ལེན་ནིའི་འཆར་གཞི་ཡོདཔ་ཨིན་རུང་ ད་ལྟོ་ གཏན་འཁེལ་མ་འགྱོ་བར་ཡོདཔ་ཨིན་པས།
དུས་ཅི་གི་ སྦྱོང་བརྡར་དོན་ལུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༦ པའི་ཚེས་༡༩ ལས་འགོ་བཙུགས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *