འགོ་ཐོག་བཙག་འཐུའི་ནང་ ཚོགས་པའི་ལྟ་བ་དང་ འདེམས་ངོ་ཚུ་ལུ་ རག་ལས་ནི།

༉ སྤྱིར་བཏང་མོང་སྒར་རྫོང་ཁག་གི་ མི་སེར་ཚུ་གིས་ སྲིད་ཚོགས་༤ ལས་ འགོ་ཐོག་བཙག་འཐུའི་ནང་ རྒྱབ་སྐྱོར་ག་ལུ་འབད་ནི་ཨིན་ན་ ཐག་བཅད་དེ་ཡོད་རུང་ འདེམས་ངོ་ཚུ་ལུ་ རག་ལས་ནི་ཨིན་པས།

མོང་སྒར་ལས་ མི་སེར་སོ་ནམ་པ་ སྐྱེས་ལོ་༣༩ ལང་མི་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ ཐེངས་༣ པའི་ གཞུང་སྐྱོང་ཚོགས་པ་གདམ་ཁ་རྐྱབ་ནིའི་དོན་ལུ་ ཚོགས་པ་༤ གིས་ བཅའ་མར་གཏོགས་དོ་བཟུམ་སྦེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གོ་སྐབས་འདྲ་མཉམ་གནང་མི་ལུ་ དམིགས་བསལ་དུ་ མི་སེར་ཚུ་སྐལ་བ་ བཟང་ནུག་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མི་སེར་ལུ་ ཕན་ཐོགས་དང་འོས་འབབ་ཡོད་པའི་ ཁས་བླངས་ཨིན་ན་མེན་ན་ བརྟག་དཔྱད་འབད་བའི་ཁར་ གལ་སྲིད་ གཞུང་སྦེ་ བཙག་འཐུ་འབད་བ་ཅིན་ འདེམས་ངོ་ཚུ་གིས་ གཞུང་དང་ མི་སེར་ལུ་ ཐ་དམ་ཚིག་བཏོན་ཏེ་ ཕྱག་ཞུ་ཚུགས་པའི་ ཁྱད་ཆོས་དང་ལྕོགས་གྲུབ་ཡོད་མེད་ མི་སེར་མང་ཤོས་ཀྱིས་ ཧ་གོ་ཡོདཔ་ལས་ གྲ་སྒྲིག་ཡོད་ཟེར་ཨིན་པས།

ཐེམ་ནང་སྦིས་ལས་ སྐྱེས་ལོ་༢༤ ལང་མི་ བསྟན་འཛིན་གཡུ་སྒྲོན་གྱིས་ སླབ་མིའི་ནང་ འདས་པའི་གཞུང་སྐྱོང་༢ ཀྱིས་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ ཚ་གྱང་ཅན་ཨིནམ་ལས་ བཀག་ཐབས་ཀྱི་ གཞི་རྟེན་ མཐུན་རྐྱེན་ཚུ་ གཞི་བཙུགས་གནང་ནི་སྦེ་ ཁས་བླངས་གསལ་བསྒྲགས་འབད་ཡོད་མི་ཚུ་ འགྲུབ་མ་ཚུགས་པའི་ཁར་ ད་རེས་ལོག་སྟེ་ ཁས་བླངས་གསལ་བསྒྲགས་གནང་མི་ལུ་ ཡིད་ཆེད་འདྲོངས་མི་ཚུགས་པས་ཟེར་ཨིན་པས།

གྲོང་གསེབ་ཚུ་ནང་ འཐུང་ཆུའི་དཀའ་ངལ་ བསལ་མ་ཚུགས་པའི་ཁར་ སོ་ནམ་ཞིང་ལམ་བསལ་མི་ཚུ་ཡང་ ལག་ལེན་འཐབ་མ་ཚུགསཔ་ཅིག་ལུ་ གྱུར་ཡོདཔ་ལས་ གཞུང་སྐྱོང་ཚོགས་པ་ ག་བཟུམ་གདམ་ཁ་རྐྱབ་ནི་ཨིན་ན་དེ་ མི་སེར་ཚུ་གིས་ ཧ་ལམ་ བརྟག་དཔྱད་འབད་ཚར་ནུག་ཟེར་ཨིན་པས།

དེ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ མོང་སྒར་འདེམས་ཁོངས་ཀྱི་ ཚོགས་པའི་ངོ་ཚབ་ཚུ་གི་བར་ན་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་པའི་ངོ་ཚབ་ཚུ་གིས་ གྲོང་གསེབ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་ལུ་ གཙོ་རིམ་བསྒྲིག་ནི་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ངོ་ཚབ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ གྲོང་གསེབ་གོང་འཕེལ་གཏང་སྟེ་ ཁྲོམ་ནང་ གནས་སྤོ་འགྱོ་མི་ མར་ཕབ་འབད་ཐབས་ལུ་ རྒྱབ་སྐྱོར་ལེ་ཤ་ཡོད་པའི་གྲས་ལས་ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་གནང་ཐོག་ མི་སེར་ཚུ་གིས་ ཁེ་ཕན་སྤྱོད་ཚུགསཔ་བཟོ་ནིའི་ འཆར་གཞི་བརྩམས་ཏེ་ ཡོད་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མིའི་གཟུགས་ཁམས་འཕྲོད་བསྟེན་ གལ་ཅན་ཅིག་ཨིནམ་ལས་ མི་སེར་ག་ར་ལུ་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ གསོ་བའི་ཞབས་ཏོག་ ཁེ་ཕན་ཅན་སྦེ་འཐོབ་ཚུགསཔ་བཟོ་ནི་དང་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་སྦེ་ བཟོ་ནིའི་གཞི་རྩ་ཐོག་ལུ་ རྒེད་འོག་ནང་ གསོ་བའི་དྲུང་འཚོ་ཚུ་ ཕུལ་ཚུགས་ཟེར་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་ངོ་ཚབ་ བསོད་ནམས་མཆོད་རྟེན་གྱིས་ སླབ་མིའི་ནང་ འདས་པའི་གཞུང་སྐྱོང་ཚོགས་པ་༢ ཀྱིས་ གྲོང་གསེབ་ཀྱི་དཀའ་ངལ་ བསལ་མ་ཚུགསཔ་ལས་ ད་རེས་ གུང་སྟོང་ལེ་ཤ་ཐོན་ཡོད་མི་ཚུ་ གལ་སྲིད་ འབྲུག་ཀུན་མཉམ་ཚོགས་པ་ལུ་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ གྲོང་གསེབ་ཚུ་ནང་ འདྲ་མཉམ་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ སྤྲོད་ནི་དང་ འཐུང་ཆུ་བཀྲམ་སྤེལ་ དེ་ལས་ སོ་ནམ་ཐོན་སྐྱེད་ཚུ་ རུལ་མི་བཅུག་ནིའི་དོན་ལུ་ བསིལ་ལྡན་མཛོད་ཁང་ནང་ བཞག་ནིའི་ལས་རིམ་དང་ འཆར་གཞི་གཞན་ཚུ་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ ཀརྨ་ལྷ་མོ་གིས་ སླབ་མིའི་ནང་ སྤྱི་འོག་ཚུན་ འཁོར་ལམ་རྩི་གནག་གཏང་ནི་དང་ གཡུས་ཚན་ཚུ་གི་ སོ་ནམ་ཞིང་ལམ་ཚུ་ ཉམས་བཅོས་དང་ གཞི་འགྱམ་ལེགས་ཤོམ་བཟོ་ནི་ དེ་ལས་ འཕྲུལ་ཁང་ཆུང་བ་ཚུ་ གཞི་བཙུགས་འབད་ནིའི་ འཆར་གཞི་བརྩམས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *