ཁ་ཙ་ སྤ་རོ་ལུ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཉམས་མྱོང་དང་ གདོང་ལེན་ཚུ་ བརྗེ་སོར་འབད་མི་ སྲིད་དོན་ཚོགས་པ་༣ གྱི་ ཨམ་སྲུ་ འདེམས་ངོ་༡༡ །

འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་མི་ ཨམ་སྲུ་འདེམས་ངོ་༡༩ ལས་བརྒལ་མེདཔ།

༉ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ འདེམས་ཁོངས་༤༧ ལས་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་༡༨༨ ཀྱིས་ དོ་འགྲན་འབད་ནི་ཨིན་མི་དེ་ནང་ ཨམ་སྲུ་འདེམས་ངོ་༡༩ མ་གཏོགས་མི་འོང་ནི་ཨིན་པས།
དེ་ཡང་ ཁ་ཙ་ སྤ་རོ་ལུ་ སྲིད་དོན་ཚོགས་པ་༣ ལས་ སྲིད་དོན་པ་འབད་ནི་གི་ དང་འདོད་ཡོད་མི་ ཨམ་སྲུ་༡༡ གིས་ བརྡ་བརྒྱུདཔ་ཚུ་དང་ གྲོས་འཛོམས་ཅིག་འབདཝ་ད་ ཤེས་རྟོགས་བྱུང་ཡོདཔ་ད་ བི་ནིའུ་ཟེར་མི་ འབྲུག་ཨམ་སྲུའི་དབང་ཆ་ཡར་སྐྱེད་དང་ གཅིག་འབྲེལ་ལས་སྡེ་གིས་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་དང་ འབྲུག་བརྡ་བརྒྱུད་གཞི་ཚོགས་གཉིས་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ གྲོས་བསྡུར་ཞལ་འཛོམས་ནང་ མི་སེར་དམངས་གཙོ་ཚོགས་པའི་ ཨམ་སྲུ་འདེམས་ངོ་ཕུད་རྡོག་གཅིག་གིས་ཡང་ གྲལ་གཏོགས་མ་འབད།
འབྲུག་མཉམ་རུབ་ཚོགས་པ་ལས་ ཨམ་སྲུ་འདེམས་ངོ་༤ དང་ འབྲུག་ཀུན་མཉམ་ཚོགས་པ་ལས་ འདེམས་ངོ་༤ འབྲུག་ཕུན་སུམ་ཚོགས་པ་ལས་ ཨམ་སྲུ་འདེམས་ངོ་༣ གྱིས་ བཅའ་མར་གཏོགས་ཅི།
ཨམ་སྲུ་འདེམས་ངོ་ཚུ་གིས་ ཁོང་ལུ་ ཉམས་མྱོང་བྱུང་མི་དང་ སྲིད་དོན་པ་སྦེ་ཐོནམ་ད་ དཀའ་སྡུག་དང་ གདོང་ལེན་ག་ཅི་བཟུམ་ཡོདཔ་ཨིན་ན་ སྦ་གསང་མེད་པར་ བཤད་ཡོདཔ་མ་ཚད་ བརྡ་བརྒྱུད་ཀྱིས་ སྲིད་དོན་པ་དང་ དམིགས་བསལ་དུ་ ཨམ་སྲུའི་སྐོར་ལས་ གནས་ཚུལ་བསྡུ་བཀོད་འབདཝ་ད་ དྲི་བ་དྲིས་ལན་དང་ ངོ་པར་ དེ་ལས་ གྲོས་གནས་ཀྱི་ གོ་སྐབས་འདྲ་མཉམ་བྱིན་དགོ་པའི་ ཞུ་བ་ཡང་འབད་ཡི།
ཨམ་སྲུ་འདེམས་ངོ་མང་ཤོས་ཅིག་གིས་ བཤད་མིའི་ནང་ བརྡ་བརྒྱུདཔ་ཚུ་གིས་ གནས་ཚུལ་ཚུ་ དྲང་བདེན་དང་ ཕྱོགས་རིས་མེདཔ་སྦེ་ ཁྱབ་སྤེལ་འབད་བ་ཅིན་ སྲིད་དོན་པ་དང་ མི་མང་ལས་ བློ་གཏད་དང་ ཡིད་ཆེས་ཚུ་ རང་བཞིན་གྱིས་ར་ འཐོབ་འོང་ཟེར་ཨིན་པས།
དེ་འབདཝ་ད་ བརྡ་བརྒྱུདཔ་ཚུ་གིས་ རང་སོའི་ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ ལཱ་འབདཝ་ད་ དེ་དང་བསྟུན་པའི་ འགན་འཁྲི་འབག་དགོཔ་དེ་ཡང་ ཁག་ཆེ་ཟེར་ ཨམ་སྲུ་འདེམས་ངོ་ཅིག་གིས་ བཤད་ཅི།
འབྲུག་ཨམ་སྲུའི་དབང་ཆ་ཡར་སྐྱེད་དང་ གཅིག་འབྲེལ་ལས་སྡེའི་མདོ་ཆེན་ ཕུན་ཚོགས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ཀྱི་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་མི་ ཨམ་སྲུ་འདེམས་ངོ་༡༩ མ་གཏོགས་མེད་མི་དེ་ཡང་ སྤྱི་ལོ་༢༠༡༣ ལུ་ ཨམ་སྲུ་འདེམས་ངོ་༣༡ ཡོད་མི་ལས་ མར་བབས་སོང་ནུག་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་ལུ་ ཨམ་སྲུ་འདེམས་ངོ་༧ དང་ འབྲུག་ཕུན་སུམ་ཚོགས་པ་ལུ་༥ འབྲུག་མཉམ་རུབ་ཚོགས་པ་ལུ་༥ དེ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཨམ་སྲུ་འདེམས་ངོ་༢ ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *