འགུལ་བརྙན་གྱི་ གནད་དོན་ཐོག་ལུ་ གྲོས་བསྡུར་འབད་བའི་བསྒང་།

འགུལ་བརྙན་ཐོག་ལས་ སྲུང་དང་ལོ་རྒྱུས་ཚུ་ བཤད་ཚུགས་པའི་ཕན་ཁྱད།

༉ སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ ཐིམ་ཕུག་ ལྕང་ཟམ་ཏོག་ཚོང་ལས་འགོ་བཙུགས་ལྟེ་བ་ནང་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ གློག་བརྙན་བཟོ་མི་ཚུ་ལུ་ དངོས་མཐོང་དང་ འགུལ་བརྙན་གྱི་གནད་དོན་ཐོག་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལས་ གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ལས་རིམ་ནང་ དངོས་མཐོང་དང་ འགུལ་བརྙན་བཟོ་ནི་ལུ་ སྤྲོ་བ་ཡོད་མི་ན་གཞོན་༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཅི།
ཌེན་མཀ་འགུལ་བརྙན་མཐོ་རིམ་སློབ་གྲྭའི་ ཡོངས་ཁྱབ་མདོ་ཆེན་ མོར་ཊེན་ཐོར་ནིང་གིས་ སླབ་མིའི་ནང་ འགུལ་བརྙན་བཟོཝ་ད་ འཁྲབ་སྲུང་དེ་ ལེགས་ཤོམ་དགོ་པའི་ཁར་ འགུལ་བརྙན་བཟོ་མི་ཚུ་གིས་ མནོ་བསམ་དེ་ རྒྱ་ཆེ་དྲགས་སྦེ་ར་ གཏང་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགུལ་བརྙན་བཟོཝ་ད་ པར་འབྲི་ནི་དེ་ གཞི་རྟེན་ངོ་མ་ཅིག་ཨིནམ་ལས་ དེང་སང་གི་དུས་ཚོད་ལུ་ རང་སོའི་རིག་རྩལ་ ལག་ལེན་འཐབ་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ ཁོང་གི་ མཐོ་རིམ་སློབ་གྲྭ་ནང་འབད་བ་ཅིན་ པར་འབྲི་ནིའི་ ཆོས་ཚན་ཡང་ ཡོད་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ འགུལ་བརྙན་དེ་ སློབ་སྟོན་འབད་ནི་དང་ལྷབ་ནི་ གསོ་བ་དང་ལམ་སྲོལ་གྱི་ གོ་བརྡ་སྤྲོད་ནི་ཚུ་ལུ་ ཕན་ཐོགས་ཡོད་ཟེར་ཨིནམ་ད་ ཚོང་དང་མི་མང་གི་བདག་སྐྱོང་ཚུ་ལུ་ ཕན་ཐོགས་སྦོམ་ཡོདཔ་མ་ཚད་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལས་ ཐབས་བྱུས་བཟུམ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
པདྨའི་ཚེ་དབང་བཀྲིས་ཀྱི་ འགུལ་བརྙན་བཟོ་མི་ མདོ་ཆེན་མཐར་ཕྱིན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ འགུལ་བརྙན་བཟོཝ་ད་ གདོང་ལེན་ཆེ་ཤོས་ར་ མ་དངུལ་མ་ཐོབ་པའི་དཀའ་ངལ་འདུག་ཟེར་ཨིནམ་ད་ མི་མང་གི་ཁ་ཐུག་ལས་ འགུལ་བརྙན་དེ་ ཨ་ལོ་ཆུང་ཀུ་ཚུ་གི་དོན་ལུ་ ཨིནམ་བཟུམ་མའི་ མནོ་བསམ་བཏང་མི་ལུ་བརྟེན་ རྒྱབ་སྐྱོར་དེ་ཅིག་ར་ མིན་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་ལུ་ འགུལ་བརྙན་འགོ་དང་པ་ ཨཔ་བོག་ཏོ་དང་ དེ་གི་ཤུལ་ལས་ འབྲུག་རྟེན་བཟོ་ནུག་ཟེར་ཨིནམ་ད་ པདྨའི་ཚེ་དབང་བཀྲིས་ཀྱི་ འགུལ་བརྙན་བཟོ་མི་དེ་ ཐེངས་༣ པ་ཨིནམ་བཞིན་དུ་ འགུལ་བརྙན་བཟོ་བའི་སྐབས་ འགུལ་བརྙན་ལུ་སྤྲོ་བ་ཡོད་མི་༢༥ དེ་ཅིག་གིས་ གྲལ་གཏོགས་འབད་ཡི་ཟེར་ཨིན་པས།
འགུལ་བརྙན་བཟོ་མི་དེ་གིས་ ཧེ་མའི་ སྲུང་དང་ ལམ་སྲོལ་ཚུ་ བདག་འཛིན་འཐབ་ནི་ལུ་ ཕན་ཐོགས་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ རྒྱལ་ཁབ་ནང་ འགུལ་བརྙན་གྱི་ཚོང་ལམ་ ལེགས་ཤོམ་མེད་པའི་གདོང་ལེན་ཡོད་རུང་ མ་འོངས་པ་ལུ་ འགུལ་བརྙན་གྱི་ཚོང་ལམ་དེ་ འབྲུག་ནང་འཁོད་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་གཞན་ཁར་ཡང་ ཚོང་འབྲེལ་གྱི་ གོ་སྐབས་ཡོད་ཟེར་ཨིན་པས།
འགུལ་བརྙན་གྱི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ གློག་རིག་མཉེན་ཆས་ ཝི་ཤལ་རེ་ལི་ཊི་གི་ཐོག་ལས་ ལྟ་རྟོག་འབད་ནི་ལུ་ ཕན་ཐོགས་ཡོད་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་པའི་ཁར་ གཅིག་གིས་གཅིག་ལུ་ བརྡ་སྤྲོད་འབད་ནི་ལུ་ཡང་ ཡར་དྲག་འགྱོ་འོང་ཟེར་ཨིནམ་ད་ ཁོང་གི་ཁ་ཐུག་ལས་ འབྲུག་པའི་འགུལ་བརྙན་བཟོ་གྲྭ་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
ཌེན་མཀ་འགུལ་བརྙན་མཐོ་རིམ་སློབ་གྲྭ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ འགུལ་བརྙན་བཟོ་མི་ཚུ་ལུ་ འགུལ་བརྙན་བཟོ་ནིའི་ རིག་རྩལ་དང་ ཤེས་ཡོན་བརྗེ་སོར་འབད་ནི་ཚུ་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *