འགན་ཁུར་ལྕི་དྲགས་འགོ་བཙུགས་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་༢ པའི་ འཐུས་མི་ཚུ་གི་ གནས་ཡུན་དེ་ སྤྱི་ཟླ་༥ པའི་ཚེས་༩ ལུ་ ཚང་ཡོདཔ་བཞིན་དུ་ ཁ་ཙ་ལས་ བསྐྱར་ཞིབ་ཚོགས་ཁང་༣ པའི་ འཐུས་མི་གསརཔ་ཚུ་གིས་ གོ་གནས་ཀྱི་ དམ་བཅའམ་ ངོས་ལེན་ཕུལ་ཐོག་ལས་ རང་སོའི་ཁག་འགན་ འགོ་བཙུགས་མི་དང་བསྟུན་ འབྲུག་ཁབ་འདི་ དམངས་གཙོའི་རྩ་ཁྲིམས་ཅན་གྱི་ གཞུང་ལུགས་ལུ་ སོར་བསྒྱུར་འབད་དེ་ ལོ་ངོ་བཅུ་ཕྲག་༡ ལང་ཡི།
རྒྱལ་ཡོངས་ཚོགས་སྡེ་དེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ གནས་ཡུན་ཚང་བའི་ ཚེས་གྲངས་དེ་ཁར་ བསྐྱར་འཛུགས་འབད་བའི་ བསྐྱར་ཞིབ་ཚོགས་ཁང་ཅིག་ཨིནམ་ད་ ཁ་ཙ་ འཐུས་མི་ཚུ་གིས་ གོ་གནས་ཀྱི་ དམ་བཅའ་ཞུ་མི་དེ་ཡང་ ད་ལས་ཕར་ འགན་ཁུར་ལྕི་དྲགས་འབག་དགོཔ་ཡོད་པའི་ བརྡ་མཚོན་ཨིན་མས།
དབུ་འཕང་མཐོ་བའི་ ཚོགས་ཁང་འདི་ནང་ ཁྱད་ལྡན་གྱི་ འཐུས་མི་༥ བརྩིས་ཏེ་ བསྐྱར་ཞིབ་ཚོགས་ཁང་ནང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་ འཐུས་མི་༡༠ ཡོད་པའི་ཁར་ སློབ་སྟོན་གྱི་ ཉམས་མྱོང་ཡོད་མི་༤ དང་ ཚོང་འབྲེལ་གྱི་ རྒྱབ་ཁུངས་ཡོད་མི་༤ ཞི་གཡོག་ནང་ ཕྱག་ཞུ་མི་ འཐུས་མི་༣ བརྡ་བརྒྱུད་དང་ ཁྲིམས་དོན་ གློག་བརྙན་ཁང་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ འཐུས་མི་སྦེ་ ཕྱག་ཞུ་བའི་ སྤྱི་ཚོགས་ཀྱི་ ཉམས་མྱོང་ཡོད་མི་ འཐུས་མི་རེ་ཡོདཔ་ལས་ ཁྲིམས་བཟོའི་བྱ་སྒོ་ཚུ་ནང་ ལྷན་ཐབས་སྦོམ་འབྱུང་ནི་ཨིན་མས།
དེ་གི་ནང་དོན་ཉིད་ལས་ ཚོགས་སྡེའི་འཐུས་མི་༢༠ གུ་ ཁྱད་ལྡན་གྱི་འཐུས་མི་༥ རང་འཇགས་སྦེ་ བསྐོ་བཞག་གནང་མི་ལུ་བརྟེན་བསྐྱར་ཞིབ་ཚོགས་ཁང་ནང་ གནད་དོན་ག་ཅིའི་སྐོར་ལས་ གསུང་གྲོས་གནང་རུང་ ཕན་རླབས་ཆེ་བའི་ ཐུགས་འཆར་དང་ གྲོས་འདེབས་ཚུ་ ཕྱོགས་ལྷུང་མེདཔ་སྦེ་ གནང་ནི་ལུ་ཕན་ཁྱད་འབྱུང་ནི་ཨིན་མས།
ཚོགས་སྡེ་༣ པ་དེ་ དྲན་རྟགས་ཅན་ཅིག་ཨིན་མི་དེ་ཡང་ འདས་པའི་བཙག་འཐུ་ཚུ་དང་ཕྱདཔ་ད་ ད་རིས་ཀྱི་ བཙག་འཐུ་སྐབས་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཡར་སེང་སོང་ཡོདཔ་མ་ཚད་ མི་སེར་ཚུ་གིས་ ཨམ་སྲུ་༢ འཐུས་མི་སྦེ་ བཙག་འཐུ་འབད་ཡོདཔ་ད་ ཁ་ཙ་ ཚོགས་ཁང་གིས་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་༣༦ ལང་མི་ འཐུས་མི་དེ་ ཁྲི་འཛིན་སྦེ་ བཙག་འཐུ་གྲུབ་མི་དེ་ བསྐྱར་ཞིབ་ཚོགས་ཁང་གི་ ཁྲི་འཛིན་གཞོན་ཤོས་ཅིག་ཨིན་མས།
རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་དང་འབྲེལ་བ་མེད་པའི་ ཚོགས་ཁང་ཅིག་ཨིནམ་ལས་ གཞུང་གི་བྱ་སྒོ་དང་ མཛད་རིམ་ཚུ་ལུ་ ལྟ་རྟོག་འབདཝ་མ་ཚད་ རྩོད་འགྲན་ཚུ་ཡང་ ཁུངས་ཐུབ་དང་ ཕན་ནུས་ཅན་སྦེ་ འབད་ནི་དེ་གིས་ མི་མང་ལས་ ཡིད་ཆེས་ངལ་རངས་སྦོམ་ བསྐྱེད་དེ་ཡོད།
དེ་མ་ཚད་ ཚོགས་སྡེ་གིས་ ལྡོག་ཕྱོགས་བཟུམ་སྦེ་ སྤྱི་ཚོགས་ནང་ དགག་བཤེར་དང་ ཚད་མཉམ་གྱི་ འགན་ཁུར་ཡང་ འབག་མི་ལུ་བརྟེན་ གཞུང་སྐྱོང་ཚོགས་པའི་ གྲོས་འཆར་ལ་ལོ་ཅིག་ ཆ་འཇོག་འགྲུབ་ནི་ལས་ བཀག་ཆ་འབད་མི་དེ་ དམངས་གཙོའི་རིང་ལུགས་ཀྱི་ ཆ་ཤས་ཅིག་ཨིན།
དཔེ་འབད་བ་ཅིན་ ཚོགས་སྡེ་༢ པ་གིས་ ཕན་རླབས་ཆེ་བའི་ རྩོད་འགྲན་འབད་ཐོག་ལས་ ཏི་རུའི་དཔྱད་ཡིག་ཚུ་གི་ཐད་ལུ་ དབང་ཚད་མེད་རུང་ ཏི་རུའི་དཔྱད་ཡིག་༢ ལུ་ རྒྱབ་འགལ་འབད་ཡོདཔ་མ་ཚད་ གཞུང་གིས་ རྒྱབ་སྣོན་ཆ་འཇོག་འབད་མི་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ ནེ་པཱལ་རྒྱལ་ཁབ་༤ ནང་ སྣུམ་འཁོར་ཚུ་ བཀག་ཆ་མེད་པར་ འགྲོ་འགྲུལ་འབད་ནི་གི་ གན་ཡིག་དེ་ལུ་ཡང་ རྒྱབ་འགལ་སྒྲིང་སྒྲི་འབད་ཡི།
འདི་འབདཝ་ལས་ མི་མང་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཡིད་ཆེས་སྦོམ་བསྐྱེདཔ་བཞིན་དུ་ འཐུས་མི་ཚུ་གིས་ཡང་ ལོ་ལྔའི་གནས་ཡུན་སྐབས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཉེན་སྐྱོབ་འབད་ནིའི་ འགན་དབང་དེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབག་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *